གསུམ་བཅུའི་དུས་དྲན་སྐབས་བལ་ཡུལ་ཉེན་རྟོག་པས་བོད་མི་ཞིག་འཛིན་བཟུང་བྱས་འདུག


2018.03.23
ཨ་གྲགས་ལགས། ༢༠༡༨།༣།༩ ཨ་གྲགས་ལགས། ༢༠༡༨།༣།༩
མཐུན་འགྱུར་པར་རིས།

བལ་ཡུལ་གྱི་བོད་མི་དངས་བླངས་ལས་འགུལ་བ་ཞིག་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་གིས་བདུན་ཕྲག་གཅིག་ལྷག་གི་རིང་བཀག་ཉར་འདྲི་རྩད་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་༣་པའི་ཚེས་༡༤་ཉིན་བལ་ཡུལ་གྱི་ཉེན་རྟོག་པས་གློ་བུར་བལ་ཡུལ་ནང་གནས་སྡོད་མཁན་དེ་སྔ་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་མཁན་བོད་མི་དང་བླངས་བའི་གྲས་ཨ་གྲགས་ལགས་འཛིན་བཟུང་གིས་ཚེས་༢༢་བར་བཀག་ཉར་འདྲི་རྩད་བྱས་འདུག་ལ། དེའི་སྐོར་འདི་གའི་གསར་འགོད་པས་ཨ་གྲགས་ལགས་སུ་འདྲི་རྩད་བྱས་སྐབས། ཁོང་གིས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་ཚེས་༩་ཉིན། ང་ཚོ་བལ་ཡུལ་ནང་གི་བོད་མི་དང་བླངས་ལས་འགུལ་བ་ཚོས་མཉམ་དུ་གནས་ཡུལ་གྱི་གནས་སྟངས་དང་བསྟུན་པ་བྱས་ནས་ཞི་འཇམ་ངང་བལ་ཡུལ་གྱི་རྒྱལ་སར་ཡོད་པའི་ཨ་རི་སོགས་ཕྱི་རྒྱལ་གཞུང་ཚབ་ཁག་༡༤་ཙམ་ལ་བོད་དོན་ཞུ་གཏུག་གི་སྙན་ཞུ་འབུལ་ཐུབ་པ་བྱུང་ཡོད། དེ་ནས་བལ་ཡུལ་ནང་ངོ་རྒོལ་ལས་འགུལ་རིགས་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་པར་བརྟེན་རང་གི་སེམས་ཚོར་མཚོན་ཆེད་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་ནས་བོད་ཀྱི་རྒྱལ་དར་འཕྱར་ནས་འདྲ་པར་ཞིག་རྒྱབ་པ་ངོ་དེབ་སུ་སྤེལ་བ་ཡིན། གནས་ཚུལ་དེ་དག་བལ་ཡུལ་ཉེན་རྟོག་པས་ཤེས་རྟོག་བྱུང་བ་འདྲ། ཚེས་༡༤་ཉིན་ངོ་དེབ་སྒང་ལ་སྤེལ་བའི་པར་དེ་འཁྱེར་ཡོང་ནས་ལམ་བར་ནས་འཛིན་བཟུང་བྱས་རྗེས་མཆོད་རྟེན་ཉེན་རྟོག་ལས་ཁུངས་སུ་གཅར་རྡུང་དང་བཅས་ཉིན་དྲུག་བཀག་ཉར་བྱས་བ་དང་། དེ་ནས་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་ཉིན་གཉིས་བཀག་ཉར་བྱས་བ་བརྗོད་བྱུང་།
དེ་ལྟར་བལ་ཡུལ་བོད་ཀྱི་དོན་གཅོད་ལས་ཁུངས་དང་། ས་གནས་འགོ་འཛིན། ཨ་རིའི་གཞུང་ཚབ་དང་། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ནས་རོགས་རམ་བྱས་བ་བརྒྱུད་འདི་ཚེས་༢༢་ཉིན་བལ་ཡུལ་གྱི་ཕྱི་མི་ཞིབ་གཤེར་ལས་ཁུངས་ཀྱི་བཀག་ཉར་ཁང་ནས་གློད་གྲོལ་བྱུང་འདུག་ལ། གནས་སྐབས་སྤྱི་ཟླ་གསུམ་པའི་ནང་བལ་ཡུལ་དུ་སྡོད་མི་ཆོག་པའི་བཀའ་བཏང་ཡོད་འདུག
སྤྱིར་བཏང་བལ་ཡུལ་ནང་རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་བོད་མི་སྐྱབས་བཅོལ་བ་ཚོས་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་རྒྱུར་བལ་ཡུལ་གཞུང་གིས་དམ་དྲག་ཆེན་པོ་ཡོད་ལ་ད་ལོར་བོད་ཀྱི་ལོ་གསར་སྐབས་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུ་རྒྱུར་ཡང་དམ་དྲག་བཀག་སྡོམ་བྱས་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎