བོད་རིགས་ཨ་རི་བ་ཞིག་ཐེངས་དང་པོར་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཞིག་གི་སྤྱི་ཁྱབ་པར་འོས་འདེམས་བྱུང་འདུག

2021.11.03
Share on WhatsApp
Share on WhatsApp
བོད་རིགས་ཨ་རི་བ་ཞིག་ཐེངས་དང་པོར་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཞིག་གི་སྤྱི་ཁྱབ་པར་འོས་འདེམས་བྱུང་འདུག བདམས་ཐོན་སྤྱི་ཁྱབ་སྐུ་ཞབས་ཨ་ཧྥི་ཊེབ་ཀརྨ་སིན་(Aftab Karma Singh Pureval)་ལགས།
AP

བོད་རིགས་ཨ་རི་བ་སྐུ་ཞབས་ཨ་ཧྥི་ཊེབ་ཀརྨ་མ་སིན་(Aftab Karma Singh Pureval)་ལགས་ཨ་རིའི་ཨོ་ཧ་ཡོ་(Ohio)་མངའ་སྡེའི་གྲོང་ཁྱེར་(Cincinnati)་སྤྱི་ཁྱབ་ཀྱི་འོས་མིར་ལངས་བ་ལྟར། འདི་ཚེས་༢་ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར་ན། སྐུ་ཞབས་ཨ་ཧྥི་ཊེབ་ཀརྨ་སིན་ལགས་སུ་འོས་གྲངས་༣༣༡༢༤་དང་ཁ་གཏད་འོས་མི་(David Mann)་ལགས་སུ་འོས་གྲངས་༡༧༢༠༧་ཐོབ་ནས་ཀརྨ་ལགས་སུ་འོས་གྲངས་སྤྱིའི་བརྒྱ་ཆ་༦༦་གི་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ད་ལོ་ལོ་ན་༣༩་ཡིན་པའི་ཀརྨ་སིང་ལགས་ཨ་རིའི་གྲོང་ཁྱེར་དེའི་ལོ་རྒྱུས་ནང་། བོད་རིགས་ཨ་རི་བ་དང་ཨེ་ཤེ་ཡའི་མི་རིགས་ཞིག་སྤྱི་ཁྱབ་ཆགས་པ་ཐོག་མ་དེ་ཡིན་པ་མ་ཟད། ཨ་རིའི་ནང་འཚར་ལོངས་བྱུང་བའི་བོད་རིགས་ཤིག་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་གྲོང་ཁྱེར་སྤྱི་ཁྱབ་ལ་འོས་འདེམས་བྱུང་བ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་དུ་ཡང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བདམས་ཐོན་སྤྱི་ཁྱབ་སྐུ་ཞབས་ཨ་ཧྥི་ཊེབ་ཀརྨ་སིན་(Aftab Karma Singh Pureval)་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས། ཁོང་ལ་ད་རེས་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་འདིས་བོད་རིགས་གཞོན་སྐྱེས་ཚོར་གདེང་སྤོབས་དང་སེམས་འགུལ་ཐེབས་པའི་སྐུལ་མར་འགྱུར་བའི་རེ་བ་དང་སྤོབས་པ་བྱེད་བཞིན་ཡོད་ལ། ཨ་མི་རི་ཀ་གཙོས་བཙན་བྱོལ་བོད་མི་ཡོད་སའི་སྤྱི་ཚོགས་ནས་བོད་མི་ཚོ་མདུན་དུ་ཐོན་པའི་རེ་བ་ཆེན་པོ་ཡོད། མི་རབས་གཅིག་གི་རྗེས་སུ་ང་རང་ང་ཚོའི་ཁྱིམ་ཚང་ནང་ནས་སྐྱབས་བཅོལ་བ་ཞིག་ནས་སིན་སི་ན་ཊིའི་གྲོང་ཁྱེར་སྤྱི་ཁྱབ་པར་འཁོད་པ་དང་། ཨ་མི་རི་ཀའི་ནུབ་དབུས་མངའ་ཁུལ་དུ་ཨེ་ཤི་ཡའི་མི་རིགས་ཤིག་ལ་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཐོག་མ་ཡིན་པས། འཕེལ་རིམ་འདི་ནི་ཤིན་ཏུ་སྤོབས་པ་སྐྱེས་གཞི་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཆབ་སྲིད་ཀྱི་སྡིངས་ཆ་འདི་འདྲ་ཞིག་གི་སྒང་ལ་སླེབས་དུས་ང་ཚོ་ཆབ་སྲིད་ཀྱི་དཀའ་སྡུག་བརྒྱུད་རིམ་མང་པོ་འགྲིམས་པའི་མི་རིགས་ཤིག་ལ་མཚོན་ན་དམིགས་བསལ་ཚོར་བ་ཡོད་ཅེས་དང་། བོད་ཀྱི་སྐོར་ལ་གསུངས་སྐབས། བོད་ཀྱི་རིག་གཞུང་ལ་བརྩི་བཀུར་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ངའི་མི་ཚེ་ནང་བོད་པའི་སྤྱི་ཚོགས་དང་ཐག་ཉེ་པོར་གནས་རྒྱུ་བྱུང་མེད། ཨོ་ཧ་ཡོ་མངའ་སྡེའི་ནང་བོད་མི་དེ་ཙམ་མང་པོ་མེད། བོད་མི་མང་པོ་དང་གྲོགས་འདྲིས་བྱེད་རྒྱུའི་གོ་སྐབས་ཞེ་དྲག་བྱུང་མ་སོང་། འོན་ཀྱང་བོད་རིགས་གཞོན་སྐྱེས་མི་རབས་གསར་བ་ཚོ་དང་ཐུག་འཕྲད་ནམ་བྱུང་སྐབས། ཨ་མི་རི་ཀའི་རྒྱལ་ཁབ་ནང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐོག་ལ་མཉམ་ཞུགས་བྱ་རྒྱུ་དང་སྐུ་ཚབ་འཐུས་མིའི་ལས་འགན་ནང་ཞུགས་རྒྱུའི་གལ་གནད་སྐོར་ཡང་ཡང་ཞུ་གི་ཡོད་པ་གསུངས་བྱུང་།
བདམས་ཐོན་སྤྱི་ཁྱབ་སྐུ་ཞབས་ཨ་ཧྥི་ཊེབ་ཀརྨ་སིན་(Aftab Karma Singh Pureval)་ལགས་ཀྱི་ཨ་མ་ལགས་རྒྱ་གར་གནས་བཞུགས་བཙན་བྱོལ་བོད་མི་ཞིག་ཡིན་པ་དང་། རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་སློབ་སྦྱོང་བྱས། དེ་ནས་རྒྱ་གར་བ་པན་ཇབ་མི་རིགས་ཡིན་པ་(Brig Ajit Singh)་ལགས་དང་གཉེན་སྒྲིག་བྱས། ཕྱིས་སུ་ཁོང་ཚང་ཨ་རིར་གནས་སྤོར་བྱས་རྗེས་ཕྱི་ལོ་༡༩༨༢་ལོར་ཨ་ཧྥི་ཊེབ་ཀརྨ་ལགས་སྐྱེས་ཡོད་པ་དང་། ཁོང་གིས་ཨོ་ཧ་ཡོ་མངའ་སྡེའི་ནང་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་རིག་པར་སློབ་སྦྱོང་གནང་ཡོད་པ་རེད། ཕྱི་ལོ་༢༠༡༦་ལོར་ཁོང་གིས་(Ohio)་མངའ་སྡེའི་ནང་གི་ཁྲིམས་ཁང་དུ་ཕྱག་ལས་གནང་མྱོང་བ་དང་། ད་ལྟ་མངའ་སྡེ་དེའི་(Hamilton)་རྫོང་ཁྲིམས་ཁང་གི་ཁྲིམས་དྲུང་ཡིན་འདུག་ལ་དེ་སྔ་༢༠༡༨་ལོར་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ནང་ལ་མཉམ་ཞུགས་གནང་མྱོང་ཡོད་པ་རེད།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎