སློབ་ཕྲུག་ཚོཊ་པས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཐད་ངོ་རྒོལ་གནས་སྐབས་མཚམས་བཞག་འདུག


2018-07-18
Share
ཨ་རུ་ན་ཅཱལ་རྒྱལ་ཡོངས་སློབ་ཕྲུག་གཅིག་སྒྲིལ་མཐུན་ཚོགས་པས་མངའ་སྡེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཐད་ངོ་རྒོལ། ༢༠༡༨།༧ ཨ་རུ་ན་ཅཱལ་རྒྱལ་ཡོངས་སློབ་ཕྲུག་གཅིག་སྒྲིལ་མཐུན་ཚོགས་པས་མངའ་སྡེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཐད་ངོ་རྒོལ། ༢༠༡༨།༧
དྲ་བཤུས།

རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་རྒྱལ་ཡོངས་སློབ་ཕྲུག་གཅིག་སྒྲིལ་མཐུན་ཚོགས་ཟེར་བས་མངའ་སྡེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་ཕྱི་ལོ་ ༢༠༡༤ སྲིད་ཇུས་ལག་བསྟར་བྱ་རྒྱུར་ཟླ་བ་འདིའི་ཚེས་ ༡༣ ཉིན་ནས་ཨ་རུ་ན་ཅཱལ་ཁུལ་བོད་མི་གནས་སྡོད་བྱ་ཡུལ་བྷོམ་དི་ལ་དང་། བསྟན་འཛིན་སྒང་སོགས་སུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིང་། སློབ་ཕྲུག་ཚོགས་པ་དེས་མངའ་སྡེའི་གཞུང་ལ་དགོས་འདུན་དོན་ཚན་ཁག་གཅིག་བཏོན་སྟེ་ཕྱི་ཟླ་ ༧ ཚེས་༢༤ བར་ངོ་རྒོལ་གྱི་ལས་འགུལ་བར་མཚམས་བཞག་ཡོད་འདུག
རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུའི་སྲིད་ཇུས་ཞེས་པ་དེ་ཕྱི་ལོ་ ༢༠༡༤ ལོར་གཏེན་བེབས་གནང་ཞིང་། བོད་མི་གནས་ཡུལ་གྱི་མངའ་སྡེའི་གཞུང་སོ་སོ་ནས་སྲིད་ཇུས་དེ་ལག་བསྟར་དོན་འཁྱོལ་དགོས་པ་བཞིན། ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་དབུ་ཁྲིད་པའི་ས་གནས་གཞུང་གིས་སྲིད་ཇུས་དེ་ཕྱི་ལོ་ ༢༠༡༧ ཟླ་བ་ ༨ ཚེས་ ༡༢ ལག་བསྟར་དོན་འཁྱོལ་གྱི་སྲིད་ཇུས་སུ་གཏན་འབེབས་གནང་ཡོད་པ་རེད།
བསྟན་འཛིན་སྒང་བོད་མིའི་ས་གནས་འགོ་འཛིན་གཡུང་དྲུང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་ལྟའི་དཀའ་ངལ་འདི་མགྱོགས་མྱུར་སེལ་ཐབས་ཐད་རྒྱ་གར་ས་གནས་ཀྱི་དཔོན་རིགས་རྣམས་དང་འབྲེལ་ཏུག་ཞུས་ཡོད་པ་དང་། ཁོང་གིས་གནས་ཚུལ་འདི་མངའ་སྡེའི་ནང་གི་སྲིད་དོན་པ་ཁག་གཅིག་གིས་ཆེད་མངགས་བཟོས་པ་ཞིག་ཡིན་པ་ལས། བོད་མི་ཚོ་དང་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པའི་ཨ་རུ་ན་ཅཱལ་མི་དམངས་ཀྱིས་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་ཐད་ཐུགས་འཁུར་ཆེན་པོ་བཞེས་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།