ཨ་རིས་གོ་སྐབས་ནམ་བྱུང་ལ་རྒྱ་ནག་དང་མཉམ་༧ཀུན་གཟིཊ་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་གླེང་རྒྱུ་ཡིན་པ་གསུངས་བྱུང་།

2024.04.24
ཨ་རིས་གོ་སྐབས་ནམ་བྱུང་ལ་རྒྱ་ནག་དང་མཉམ་༧ཀུན་གཟིཊ་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་གླེང་རྒྱུ་ཡིན་པ་གསུངས་བྱུང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིན་ཀེན་(Antony Blinken)་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་ཕེབས་འབྱོར་སྐབས། ༠༤།༢༤།༢༠༢༤
AP

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་བོད་མིས་ངོས་འཛིན་ཞུས་པའི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གར་ཡོད་ཀྱི་གནས་སྟངས་དང་༧སྐུ་ཁམས་གསལ་བཞུགས་ཡིན་མིན་ཐད་རྒྱ་ནག་གཞུང་གིས་ཡོངས་གྲགས་ཐོག་ནས་བདེན་དཔང་ར་སྤྲོད་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས། ཁོང་ལ་རང་ཉིད་ཀྱི་གནད་དོན་ཐད་བཀའ་མོལ་གནང་རྒྱུར་གོ་སྐབས་འབུལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིན་ཀེན་(Antony Blinken)་མཆོག་ཕྱི་ཟླ་༤ཚེས་༢༤ཉིན་རྒྱ་ནག་ཏུ་མ་ཕེབས་གོང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་བྱུང་ལ། ལན་འདེབས་དེའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་གོ་སྐབས་ནམ་བྱུང་ལ་མུ་མཐུད་གླེང་སློང་གནང་རྒྱུ་ཡིན་པ་བཀོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིན་ཀེན་མཆོག་ཕྱི་ཟླ་༤ཚེས་༢༤ནས་༢༦བར་རྒྱ་ནག་ཏུ་འཚམས་གཟིགས་གནང་བཞིན་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་༧སྐྱབས་རྗེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་མ་ཕེབས་གོང་ཕྱི་ཟླ་༤ཚེས་༢༣ཉིན་ཡོངས་ཁྱབ་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དང་། ལྷག་པར་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་ལ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཡིག་ཐོག་ལན་འདེབས་གནང་པའི་ནང་ད་དུང་། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་གང་ཉིད་རང་གི་སྤྱི་ཚོགས་དང་མུ་མཐུད་དུ་ཁ་བྲལ་དུ་བཞག་སྟེ་ལོ་རྒྱུས་ཀྱི་ཐོག་ནས་བདག་དབང་ཡོད་པའི་བོད་མིའི་ནང་བསྟན་གྱི་དབུ་ཁྲིད་ཞུ་རྒྱུའི་གོ་གནས་མི་འབུལ་བ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན་པ་གསུངས་འདུག
ཕྱི་ལོ་༡༩༩༥ལོའི་ཕྱི་ཟླ་༥ཚེས་༡༤ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༠ ཡང་སྲིད་དུ་ཡོངས་གྲགས་ངོས་འཛིན་མཛད་ཅིང་། མཚན་ལ་༧པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཡོད་པ་རེད། འོན་ཀྱང་ཉིན་གྲངས་གསུམ་གྱི་རྗེས་ཏེ། ༡༩༩༥ཕྱི་ཟླ་༥ཚེས་༡༧ཉིན་རྒྱ་ནག་གཞུང་གིས་པན་ཆེན་རིན་པོ་ཆེའི་ཡང་སྲིད་དང་། ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ཤིང་། འདས་པའི་ལོ་ངོ་༢༩ ཉདུས་ཡུན་དེའི་ནང་ཁོང་རྣམས་གར་ཡོད་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།


རྒྱ་ནག་འགོ་ཁྲིད་དང་མཉམ་ཁ་གསལ་དང་ཤུགས་དྲག་གླེང་རྒྱུ་ཡིན་པ།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིན་ཀེན་མཆོག་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དུ་ཕེབས་འབྱོར་བྱུང་ཞིང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་པའི་ནང་། ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གི་དབུ་ཁྲིད་ཁག་དང་མཇལ་འཕྲད་སྐབས། བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་གནད་དོན་སྦས་གསང་མེད་པར་ཁ་གསལ་དང་ཤུགས་དྲག་ངང་གླེང་སློང་གནང་རྒྱུ་ཡིན་པ་གསུངས་འདུག


སྡེ་དགེ་དབོན་སྟོད་ཀྱི་ཆུ་རགས་ལས་གཞིའི་ཐད་ཨ་རིའི་གཞུང་གི་དགོངས་ཚུལ།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྡེ་དགེ་དང་རྨ་ཆུའི་སྟེང་ཆུ་རགས་ལས་གཞི་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས། བོད་མཐོ་སྒང་གི་ས་ཁུལ་མང་པོར་བོད་མི་ས་ཡ་དྲུག་གི་བསམ་ཚུལ་བསྡུ་ལེན་མ་བྱས་པར་རྒྱ་ནག་གིས་ཆུ་བོ་ཁ་བསྒྱུར་གྱི་ལས་གཞི་དང་ཆུ་ཤུགས་གློག་འདོན་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་པའི་ཐད་ལའང་ཐུགས་འཚབ་ཡོད་པ་དང་། ཆུ་རགས་འཛུགས་སྐྲུན་དང་འབྲེལ་ཞི་རྒོལ་བྱས་སྐབས་དྲང་བདེན་མིན་པར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་དང་། ཨ་མི་རི་ཀའི་ངོས་ནས་བོད་མིའི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་གཅེས་འཛིན་བྱེད་རྒྱུར་རྒྱབ་སྐྱོར་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་འཛུགས་སྐྲུན་དང་ས་གཞི་བདག་སྐྱོང་གི་སྲིད་བྱུས་ནང་དུ་དོན་དང་ལྡན་པའི་ཐོག་ནས་མཉམ་ལས་བྱེད་འཇུག་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ཅེས་ཀྱང་གསུངས་བྱུང་།
འདི་ལོ་ཕྱི་ཟླ་༢ཚེས་༡༤ནས་བཟུང་བོད་ཁམས་སྡེ་དགེ་ཉེ་འདབས་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་ཤུགས་གློག་འདོན་གྱི་ས་ཚིགས་གསར་རྒྱག་གི་ལས་གཞི་སྤེལ་རྒྱུའི་ཆེད་དབོན་སྟོན་དགོན་དང་ཉེ་ཁུལ་གྱི་གྲོང་སྡེ་ཁག་མང་པོ་ཞིག་གི་མི་མང་རྣམས་གནས་གཞན་དུ་སྤོ་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅིང་། དེར་བོད་མི་བརྒྱ་ཕྲག་མང་པོས་ཞུ་འབོད་དང་ཞི་རྒོལ་བྱས་པར་བརྟེན་བོད་མི་བརྒྱ་ཕྲག་འཛིན་བཟུང་གིས་མཐར་འགོ་ཁྲིད་ཁག་ཅིག་མ་གཏོགས་གཞན་མི་མང་བྱིངས་དེ་དག་གློད་གྲོལ་བཏང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་འདི་ཚེས་༢༤་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་འབྱོར་ཡོད་པ་དང་། ཁོང་གིས་རྒྱ་ནག་ཏུ་འཚམས་གཟིགས་དབུ་འཛུགས་སྐབས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་ཡོད་ཀྱང་ད་དུང་ཡང་ཕན་ཚུན་བར་བསམ་ཚུལ་མི་མཐུན་པ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད། ཁོང་ད་རེས་པེ་ཅིན་དུ་མ་ཕེབས་གོང་ལ་ཧྲང་ཧེ་ནས་ཚོང་པའི་འགོ་ཁྲིད་ཁག་དང་ཐུག་འཕྲད་གནང་རྒྱུ་ཡིན་པ་དང་། དེ་ནས་གཟའ་པ་སངས་ཉིན་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་ཝང་ཡི་དང་ཐུག་འཕྲད་གནང་རྒྱུ་མ་ཟད། རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་གནང་སྲིད་པ་བརྗོད་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག བོད་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎