དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག

དབོན་སྟོད་དགོན་པ་དང་དབོན་པོ་སྟོད་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་དང་མང་ཚོགས་ཚོ་རིམ་པ་བྱས་ཏེ་གློད་གྲོལ་བཏང་ཡོད་རུང་། དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་ཁོང་གཉིས་མུ་མཐུད་འཛིན་བཟུང་བཀག་ཉར་འོག་བཞག་འདུག་པ་མ་ཟད། ཕྱི་ཟླ་༣ཚེས་༢༤ཉིན་ཁོང་གཉིས་ཀྱི་གྱོད་གཞི་གཞུང་ཕྱོགས་ཀྱི་གྱོད་དོན་ཞིབ་དཔྱོད་ཁང་ལ་རྩིས་སྤྲོད་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཕྱི་ཟླ་ ༣ ཚེས་ ༧ ཉིན་དབོན་སྟོད་དགོན་གྱི་ཕྱག་མཛོད་བགྲེས་པ་བསྟན་འཛིན་ལགས་དང་གྲོང་ཚོའི་ལས་བྱེད་པ་རྟ་མགྲིན་ལགས་གཉིས་སྡེ་དགེ་རྫོང་གི་བཀག་ཉར་ཁང་དུ་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་བཀོད་སྤེལ་ཞུས་ཡོད། འོན་ཀྱང་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་ནས་རང་ཉིད་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་ནས་མིང་འབོད་མ་བྱས་པའི་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས། དབོན་སྟོད་དགོན་གྱི་ཕྱག་མཛོད་བགྲེས་པ་དེའི་མཚན་ལ་བསྟན་འཛིན་བཟང་པོ་ཡིན་པ་དང་། གྲོང་ཚོའི་ལས་བྱེད་པ་དེའི་མཚན་ལ་བསྟན་འཛིན་ཡིན་པ་ལས་རྟ་མགྲིན་མིན་པ་གསལ་བཤད་གནང་བྱུང་།
ཕྱག་མཛོད་བསྟན་འཛིན་བཟང་པོ་ལགས་འཛིན་བཟུང་བྱས་པའི་རྗེས་སུ་དགེ་འདུན་པ་གཞན་ཞིག་གིས་དགོན་པའི་ཕྱག་མཛོད་ཀྱི་ལས་འགན་ཁུར་མཁན་ཁོང་ཡང་དུས་ཚོད་གང་ཙམ་རིང་འཛིན་བཟུང་འོག་བཞག་ཡོད་འདུག་ལ། གཞུང་ཕྱོགས་ནས་ཕྱག་མཛོད་བསྟན་འཛིན་བཟང་པོ་དང་གྲོང་ཚོའི་ལས་བྱེད་པ་བསྟན་འཛིན་གཉིས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། ཉེས་འཛུགས་གང་བྱེད་མིན་སོགས་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་བསྟན་འཛིན་བཟང་པོ་ལགས་དང་གྲོང་ཚོའི་ལས་བྱེད་པ་བསྟན་འཛིན་ལགས་མ་གཏོགས་གཞན་ཕྱི་ཟླ་ གཉིས་པའི་ནང་འཛིན་བཟུང་བྱས་པའི་མི་ཡོངས་རྫོགས་གློད་གྲོལ་བཏང་ཟིན་འདུག
གཞུང་ཕྱོགས་ནས་ཁོང་གཉིས་ལ་ཕྱི་ཟླ་གཉིས་པའི་ནང་ཐོན་པའི་ངོ་རྒོལ་ལས་འགུལ་འདིའི་སྣེ་ཁྲིད་པ་དང་། ལས་འགུལ་འདིའི་གནས་ཚུལ་ཁག་ཕྱི་ཕྱོགས་ལ་གྱར་མཁན་ཡིན་པའི་ཉེས་བཙུགས་བྱ་སྲིད་པར་མང་ཚོགས་ནས་སེམས་འཚབ་བྱེད་བཞིན་ཡོད་འདུག
ཕྱི་ཟླ་གཉིས་པ་ནས་འཇུ་བཟུང་བྱས་པའི་མི་མང་པོ་ཞིག་སྡེ་དགེ་རྫོང་བཙོན་ཁང་དུ་ཁྲིད་འདུག་པ་དང་། ཁོང་ཚོའི་ཁྲོད་ནས་ད་ཆ་བཙོན་གྲོལ་ཐོབ་པའི་དགེ་འདུན་པ་ཞིག་གིས། ཁོང་ཚོ་དེ་དུས་སྡེ་དགེ་རྫོང་གི་བཙོན་ཁང་དུ་བཅུག་པའི་རིང་དགེ་འདུན་པ་ཚོར་ཉིན་ལྟར་རྩམ་པ་སྤུས་ཀ་ཞན་ཤོས་ཧ་ལམ་རྟ་དྲེལ་སོགས་དུད་འགྲོ་སེམས་ཅན་ལ་སྤྲོད་རྒྱུ་དེ་རིགས་སྤྲད་པ་དང་། མཚམས་རེ་ཆུ་མེད་པས་རྩམ་པ་གཅིག་པུ་ཟ་དགོས་པ། ཆུ་ཡོད་པ་ཡིན་རུང་ཉུང་ཉུང་ལས་མ་སྤྲད་པ་སོགས་ཀྱི་མྱོང་ཚོར་བརྗོད་བྱུང་ལ། མི་བརྒྱད་གྱི་བཙོན་པའི་ཉལ་ཁང་ནང་མི་བཅུ་གྲངས་སྡེབ་བཅུག་བྱས་པ་དང་། གསང་སྤྱོད་ལ་ཆུ་མེད་པ་དང་གསང་སྤྱོད་ལ་འགྲོ་དགོས་བྱུང་ཚེ་བཙོན་སྲུང་བའི་དགོངས་ཁྲོལ་དགོས་པ། གསང་སྤྱོད་དུ་འགྲོ་རྒྱུའི་དུས་ཡུན་སྐར་མ་གཉིས་ལས་མང་བ་མ་སྤྲད་པ། གལ་ཏེ་དུས་ཚོད་དེ་ལས་ཅུང་ཟད་བརྒལ་ཚེ་ཉེས་རྡུང་བཏང་པ་སོགས་བྱས་འདུག
དེ་བཞིན་བཙོན་ཁང་གི་ཉེན་རྟོག་པས་དོན་མེད་ངང་དགེ་འདུན་པར་འགྲམ་ལྕག་གཞུས་པ་དང་། ཡང་ན་བཙོན་ཁང་ནང་གི་ཉེས་ཆད་ཐོག་ནས་ཚོུད་མང་པོ་བཙོན་ཁང་གི་ལུས་རྩལ་རྭ་བའི་ནང་རྒྱུག་བཅུག་པ། གལ་ཏེ་མ་རྒྱུག་ན་ཉེས་རྡུང་བཏང་གི་ཡོད་འདུག དགེ་འདུན་པ་ཞིག་ལ་ཉེས་རྡུང་དྲག་པོ་ཕོག་སྟེ་སྐད་ཆ་ཡང་བཤད་མི་ཐུབ་པ་བཟོས་འདུག་ཅིང་། རྗེས་ལ་སྨན་ཁང་དུ་བསྐྱལ་ནས་བརྟག་དཔྱད་བྱ་སྐབས་རུས་པ་བཅག་ཡོད་པ་ཤེས་རྟོགས་བྱུང་རྗེས་ད་ཆ་སྨན་བཅོས་བྱེད་མུས་རེད་འདུག
ལྷག་པར་དུ་གཞུང་ཕྱོགས་ནས་འཛིན་བཟུང་བྱས་པའི་བོད་པ་ཕན་ཚུན་འཐེར་འདོན་བྱ་རེས་བྱེད་བཅུག་སྟེ་རིག་གནས་གསར་བརྗེའི་བྱེད་སྟངས་ལྟ་བུ་བྱས་འདུག་པ་དང་། འཇིགས་སྣང་གི་གནས་སྟངས་དེའི་ནང་ཕན་ཚུན་འཐེར་འདོན་བྱ་མཁན་བྱུང་འདུག་ཅིང་། དགེ་འདུན་པ་ཞིག་གིས། ཕན་ཚུན་འཐེར་འདོན་བྱ་བཅུག་པ་འདི་ནི་བཙོན་བཅུག་བྱས་པ་ལས་ཀྱང་སེམས་ནང་དཀའ་ངལ་ཆེ་བ་ཡོད་སྐོར་བརྗོད་བྱུང་།
དབོན་པོ་སྟོད་ཡུལ་ཚོའི་ཁུལ་དུ་ཕྱི་ཟླ་༢ཚེས་༡༤ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་བ་ནས་བཟུང་ས་གནས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆེ་ལ་དམ་བསྒྲགས་ཆེ་བའི་རང་བཞིན་ཐོག་གནས་ཡོད་ཅིང་། ད་ལྟའི་འཆར་དབོན་པོ་སྟོད་གྲོང་ཚོ་ནས་སྡེ་དགེ་རྫོང་བར་ཞིབ་བཤེར་ས་ཚིགས་ལྔ་བཙུགས་འདུག་ཅིང་། དམིགས་བསལ་ཉེན་རྟོག་པའི་མོ་ཌ་ཆེན་པོ་དེ་རིགས་ལམ་གྱི་དཀྱིལ་འདིར་བཀག་ནས་བཞག་པ་དང་། ཞིབ་བཤེར་ས་ཚིགས་རེ་ལ་ཉེན་རྟོག་པ་བཅུ་གྲངས་འདུག་ལ། དབོན་པོ་སྟོད་ཡུལ་ཚོའི་མང་ཚོགས་དང་དབོན་སྟོད་དགོན་པའི་དགེ་འདུན་པ་ཚོར་འགྲོ་སྐྱོད་ཀྱི་རང་དབང་མེད་པ་དང་། སྡེ་དགེ་རྫོང་ལ་སྐྱོད་མཁན་ཡིན་ཚེ་ངེས་པར་དུ་ཆོག་མཆན་གྱི་ངོ་སྤྲོད་ཡི་གེ་དགོས་པ། ཉེན་རྟོག་པས་ཉིན་ལྟར་གྲོང་ཚོ་དང་དགོན་པའི་ནང་སོ་ལྟ་ནན་པོ་བྱེད་བཞིན་ཡོད་སྟབས། ཕྱི་མི་དགོན་པའི་ནང་དུ་རྩ་བ་ནས་གཏོང་གི་མེད་པ་རེད་འདུག
ངོ་རྒོལ་གྱི་གནས་ཚུལ་མ་བྱུང་སྔོན་དབོན་སྟོད་དགོན་པའི་ནང་དགེ་འདུན་པ་ཆུང་བ་ལྔ་བཅུ་ལྷག་ཙམ་ཡོད་རུང་། ད་ལྟའི་ཆར་དགེ་འདུན་པ་ལོ་ཆུང་དེ་དག་ལ་དགོན་པའི་ནང་ཆོས་ཕྱོགས་ཀྱི་སློབ་ཁྲིད་བྱེད་རྒྱུ་དུས་ཚོད་ངེས་མེད་ཀྱིས་སློབ་ཚན་མཚམས་འཇོག་བྱས་འདུག་པ་མ་ཟད། དགེ་འདུན་པ་ཆུང་ཆུང་མང་པོ་རྫོང་གི་གཞུང་གཉེར་སློབ་ཆུང་ནང་བཏང་ཡོད་འདུག
དབོན་པོ་སྟོད་ཁུལ་དུ་ངོ་རྒོལ་བྱུང་གཞི་གཙོ་བོ་ནི། ས་གནས་དེའི་གཡས་གཡོན་དུ་རྒྱུགས་པའི་འབྲི་ཆུའི་སྟེང་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་དབོན་སྟོད་དགོན་སོགས་ཉུང་མཐར་དགོན་པ་དྲུག་དང་གྲོང་ཚོ་གཉིས་གནས་སྤོ་བྱེད་འཆར་ཡོད་པ་དེ་ཡིན་ཞིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་སྐབས་ས་གནས་སུ་ཆུ་མཛོད་གློག་ཁང་གི་ལས་གྲ་ཡང་མཚམས་བཞག་ཡོད་འདུག་ལ། གཞུང་ཕྱོགས་ནས་དགོན་པ་གནས་སྤོ་དགོས་པའི་སྐོར་གླེང་མཁན་མེད་པ་རེད་འདུག འོན་ཀྱང་གཞུང་ཕྱོགས་ནས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་མ་འོངས་པའི་གནས་སྟངས་ནི་གཏན་འཁེལ་མེད་པ་དང་། ད་ལྟ་སྔོན་འགྲོའི་ལས་གྲ་སྐྲུན་ཐུབ་མིན་ཐད་རྟོགས་ཞིབ་བྱེད་བཞིན་ཡོད་པ། ལས་གྲའི་དཀའ་གནད་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོགས་འདུ་ཚོགས་པའི་རྗེས་སུ་གཞི་ནས་ཆུ་མཛོད་གློག་ཁང་སྐྲུན་རྒྱུ་ཡིན་པ་བརྗོད་འདུག འོན་ཀྱང་བཤད་སྟངས་འདི་ནི་གཞུང་ཕྱོགས་ཀྱིས་བོད་མི་ཚོ་མགོ་སྐོར་སླུ་ཁྲིད་ཀྱི་བྱ་ཐབས་ཤིག་ཡིན་པར་ས་གནས་བོད་མི་ཚོས་ངོས་འཛིན་གྱིས། དེར་ཡིད་ཆེས་སླེབས་རྒྱུ་དང་སེམས་ཀྱི་ཞི་བདེ་འབྱུང་རྒྱུར་ཕན་ཐོགས་མེད་པ་བརྗོད་བཞིན་ཡོད་འདུག
* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༧ ཟླ་གསུམ་པའི་ཚེས་༠༦
གསར་འགོད་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།