སྡེ་དགེ་ནས་འཛིན་བཟུང་བྱས་བའི་བོད་མི་མང་པོ་གློད་གྲོལ་བྱུང་ཡོད་ཀྱང་ཁག་ཅིག་ད་དུང་བཀག་ཉར་འོག་ཡོད་འདུག

2024.03.06
སྡེ་དགེ་ནས་འཛིན་བཟུང་བྱས་བའི་བོད་མི་མང་པོ་གློད་གྲོལ་བྱུང་ཡོད་ཀྱང་ཁག་ཅིག་ད་དུང་བཀག་ཉར་འོག་ཡོད་འདུག རྒྱ་ནག་གི་ཉེན་རྟོག་པས་ཁམས་སྡེ་དགེ་རྫོང་ཁོངས་དབོན་སྟོད་ཁུལ་དུ་བོད་མི་ཚོ་འཛིན་བཟུང་སྐབས། ༠༢།༢༢།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

སྡེ་དགེ་རྫོང་ཁོངས་དབོན་པོ་སྟོད་ཁུལ་གྱི་བོད་མི་ཆིག་སྟོང་ཙམ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པའི་ཁོངས་ནས་མི་མང་པོ་ཞིག་གློད་གྲོལ་བཏང་ཟིན་འདུག་ན་ཡང་། དབོན་སྟོད་དགོན་གྱི་ཕྱག་མཛོད་བགྲེས་པ་བསྟན་འཛིན་ལགས་དང་། གྲོང་ཚོའི་འགོ་ཁྲིད་ཁག་ཅིག་དབོན་སྟོད་ཁུལ་གྱི་ཉེན་རྟོག་བཀག་ཉར་ཁང་ནས་སྡེ་དགེ་རྫོང་གི་བཀག་ཉར་ཁང་དུ་ཁྲིད་ཟིན་ཡོད་པ་བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་ཞིང་། ཕྱི་ཟླ་༢ཚེས་༢༢ཉིན་འཛིན་བཟུང་བྱས་པའི་མི་མང་པོ་ཞིག་གློད་གྲོལ་བྱུང་འདུག་ན་ཡང་། ས་གནས་ནས་ཕྱི་ཕྱོགས་སུ་གནས་ཚུལ་སྤྲད་མཁན་སུ་ཡིན་རྩད་གཅོད་ཤུགས་ཆེ་བྱེད་མུས་ཀྱི་གནས་སྟངས་འོག་ས་གནས་བོད་མི་ཚོར་འདྲི་རྩད་དང་ཉེས་རྡུང་བཏང་པ། དེ་བཞིན་འཛིན་བཟུང་མུ་མཐུད་དུ་བྱེད་བཞིན་ཡོད་འདུག་ལ། ས་གནས་ཡུལ་མིའི་སྐད་འཕྲིན་དང་། སྤྱི་ཚོགས་དྲྭ་ལམ་འཁྱུག་དབྱངས་(tiktok)་སོགས་ལ་སྔོག་བཤེར་ཤུགས་ཆེ་བྱེད་བཞིན་ཡོད་འདུག
ད་དུང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དབོན་སྟོད་དགོན་དུ་མང་ཚོགས་འགྲོ་བསྐྱོད་མི་ཆོག་པ་བཟོས་འདུག་པ་མ་ཟད། ཉེན་རྟོག་པས་བྱ་ར་ཤུགས་ཆེན་བྱེད་བཞིན་ཡོད་འདུག

Dege County Map_Tibetan_Feb 28 (1).png
འབྲི་ཆུའི་རྒྱུད་དུ་གནས་སྤོར་དགོས་བའི་དཀའ་ངལ་འཕྲད་བཞིན་པའི་དགོན་སྡེ་དང་གྲོང་ཚོ། ༼The Tibet Map Institute སྒྲིག་བཟོ། ནོར་སྒྲོན། བསྟན་འཛིན་པདྨ།
ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད་དེ་ཁུལ་གྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་ཡོད་པ་དང་། ས་གནས་ཡུལ་མི་གནས་སྤོར་བྱེད་འདོད་མེད་པ་དང་ལས་གཞི་དེ་མཚམས་འཇོག་ཡོང་སླད་ཞུ་འབོད་དང་ཞི་བའི་ངོ་རྒོལ་བྱས་རྗེས། སྤྱི་ཟླ་༢བའི་ཚེས་༢༢་ཉིན་རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་བའི་གནས་ཚུལ་བྱུང་ཡོད།
དེའི་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་བསྒྲགས་གཏམ་སྤེལ་བ་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་དང་། རྒྱ་གར་རྡ་རམ་ས་ལ་དང་། ལ་དྭགས། རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་མང་པོར་བོད་མི་ཚོགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༧


གསར་འགོད་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎