སྡེ་དགེ་ཕྱོགས་སུ་བོད་མི་ཚོས་རྒྱ་ནག་གི་ཆུ་མཛོད་གསར་རྒྱག་མཚམས་འཇོག་དགོས་བའི་ཞུ་འབོད་ལས་འགུལ་སྤེལ་འདུག

སྡེ་དགེ་རྫོང་གི་འབྲི་ཆུའི་བཞུར་རྒྱུན་གྱི་བོད་མི་མང་པོ་ཞིག་རྫོང་དེའི་ས་གནས་རྒྱ་ནག་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་འཛོམས་ནས། ས་གནས་མི་མང་གིས་རྫོང་གི་འགོ་ཁྲིད་རྣམས་ལ་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གི་ལས་འཆར་ལ་མོས་མཐུན་མེད་པས། ལས་འཆར་དེ་མཚམས་འཇོག་དགོས་པ་དང་། དེ་བཞིན་ས་གནས་མི་མང་གནས་སྤོས་མི་དགོས་པའི་རེ་སྐུལ་ཞུ་འབོད་ལས་འགུལ་སྤེལ་འདུག
གནས་ཚུལ་དེ་རྒྱུས་མངའ་ཡོད་མཁན་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བཙན་བྱོལ་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་འདས་པའི་ལོ་བཅུ་གྲངས་ཤིག་ནས་སྡེ་དགེ་རྫོང་དབོན་པོ་སྟོད་ཤང་གི་འབྲི་ཆུའི་བཞུར་རྒྱུན་གྱི་འབྲི་ཆུ་བཀག་ནས། གློག་ཁང་ཆེན་པོ་ཞིག་ལས་རྒྱུའི་འཆར་གཞི་ཡོད་པ་ལྟར། ད་ཆ་ལས་འཆར་དེ་དངོས་སུ་འགོ་འཛུགས་བྱས་ནས། དབོན་པོ་སྟོད་ཕྱོགས་སུ་ཤང་ཁག་གཉིས་དང་དགོན་ཁག་དྲུག་ཡོད་པ་དེ་དག་ཚང་མ་ས་གནས་གཞན་ལ་གནས་སྤོས་དགོས་པར་བརྗོད་ཀྱི་ཡོད་སྟབས། འདི་ཚེས་༡༤ཉིན་མི་དམངས་རྣམས་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་སྒོ་འགྲམ་དུ་སོང་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པས་ཡུལ་དངོས་ཀྱི་བརྙན་པར་ཁག་ཅིག་འདི་ག་རླུང་འཕྲིན་ཁང་ལ་མཁོ་སྤྲོད་གནང་བའི་ནང་དུ། མི་དམངས་ཧ་ཅང་མང་པོ་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་ལ་ཁ་ཕྱོགས་ནས་སྐད་འབོད་བྱེད་བཞིན་པའི་མདུན་དུ་སྒྲིག་ཆས་གྱོན་པའི་ཉེན་རྟོག་པ་དང་། རྒྱ་ཆས་སྤྲས་པའི་གཞུང་གི་ལས་བྱེད་སོགས་ཀྱིས་བཀག་འགོག་བྱེད་ཀྱིན་ཡོད་པ་མཐོང་གི་འདུག་ལ། མི་དམངས་ཀྱིས་ཆུ་མཛོད་ལས་འཆར་མཚམས་འཇོག་བྱེད་རོགས། དགེ་བ་ཡོད། ཁ་དྲོ་ཞེས་རེ་འབོད་བྱེད་བཞིན་པ་གོ་རྒྱུ་འདུག་ལ། དེ་བཞིན་རེ་ཞུ་བྱེད་མཁན་མི་དམངས་ཀྱི་མདུན་ཕྱོགས་སུ་ཡོད་པའི་རྫོང་གི་ལས་བྱེད་ཁག་ཅིག་གིས། གནད་དོན་འདིའི་ཐད་སྡེ་དགེ་རྫོང་ལ་ཐག་གཅོད་ཀྱི་དབང་ཆ་མེད་སྐོར་བརྗོད་ནས། མི་དམངས་ལ་སྐད་ཅོར་མ་རྒྱག་ཟེར་བཞིན་པ་གོ་རྒྱུ་འདུག
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་བྱུང་བར་ལྟར་ན། དེ་སྔ་སྤྱི་ལོ་༢༠༡༣ལོར་ཡང་། ས་གནས་མི་དམངས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་མིན་ལ་མ་བལྟོས་པར། རྒྱ་གཞུང་གིས་སྡེ་དགེ་མཐིལ་དཔོན་མདའ་ཞེས་པའི་ས་ཆ་ནས་སྐམ་ཐོག་བར་དུ་ས་འོག་ཕུག་ལམ་བཟོས་ཡོད་པ་དང་། ལས་གཞི་དེའི་རྐྱེན་གྱིས་སྐབས་དེར་ས་གནས་ཀྱི་དུད་ཚང་མང་པོ་བཙན་གྱིས་གནས་སྤོས་བྱས་བཅུག་ཡོད་པ་རེད་ལ། སྐབས་དེ་དུས་ནས། རྒྱ་གཞུང་གིས་སྡེ་དགེ་དབོན་པོ་སྟོད་ཕྱོགས་ནས་འབྲི་ཆུ་བཀག་སྟེ། རྒྱ་ནག་ནང་དུ་གློག་ཤུགས་མཁོ་འདོན་བྱེད་སའི་གློག་ཁང་ཆེན་པོ་ཞིག་རྒྱག་འཆར་ཡོད་པས། ཁུལ་དེར་ཡོད་པའི་གྲོང་ཚོ་ཚང་མ་མར་མི་ཉག་གཞག་ར་ལྷ་རྩེ་དང་། ཡར་ཀོང་པོའི་ཕྱོགས་སུ་གནས་སྤོ་དགོས་ཚུལ་བརྗོད་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་སྔ་གཞུག་ཏུ་མོས་མཐུན་མེད་པའི་སྙན་ཞུ་ལན་མང་ཕུལ་པར་སྲིད་གཞུང་གིས་བརྡ་ལན་གང་ཡང་སྤྲད་མེད་པ་རེད་ལ། ད་ཆ་ལས་གཞི་དངོས་སུ་འགོ་འཛུགས་བྱེད་བཞིན་ཡོད་པས་ས་གནས་མི་དམངས་རྣམས་སྡེ་དགེ་རྫོང་ས་གནས་རྒྱ་ནག་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་འཛོམས་ནས་སྐད་འབོད་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།