རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག

2024.04.12
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག རྨ་ཆུའི་རྒྱུད་ཀྱི་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་། མཆོད་རྟེན་སྡེ་བ། གཡང་འཁྱིལ་སྡེ་བ་བཅས་ཡོད་ས།
སྒྲིག་བཟོ། ཀླུ་འབུམ། / RFA

བོད་མདོ་སྨད་ཀྱི་རྨ་ཆུའི་རྒྱུད་དུ་ཆགས་ཤིང་རྒྱ་ནག་གིས་དེང་སྐབས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཧོལ་ཁ་གྲོང་བརྡལ་ཟེར་བའི་ཁོངས་སུ་ཡོད་ཅིང་། བྲག་དཀར་རྫོང་དང་མང་རྫོང་གཉིས་ཀྱི་ས་མཚམས་སུ་འཁེལ་བའི་དཀར་མོ་གཡང་འཁྱིལ་ཟེར་བའི་རྨ་ཆུའི་འབབ་རྒྱུད་དུ་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་འཛུགས་སྐྲུན་གྱི་ལས་གཞི་ཞིག་མགོ་བཙུགས་ཏེ། ལོ་ཤས་གོང་ནས་ས་ཁུལ་དེར་མི་ལོ་༡༣༥ལྷག་གི་སྔོན་དུ་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པའི་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་གཏོར་བཤིག་གིས་གནས་སྤོར་དགོས་ཚུལ་གྱི་བཙན་བཀའ་བཏང་ཡོད་འདུག་ལ། ད་ལྟའི་ཆར་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་༡༥༧ལྷག་ཡོད། ཕྱི་ལོ་ ༢༠༢༡ལོ་ནས་བཟུང་རྒྱ་གཞུང་གིས་དགོན་པ་དེར་ལོ་ཆུང་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་ཚོད་འཛིན་བྱས་ཡོད་འདུག
གནས་ཚུལ་དེའི་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་ཁ་པར་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་གནང་དོན། དགོན་གྲོང་གཉིས་ཀྱི་མི་སྣས་གོང་རིམ་ལ་མི་མང་གི་དད་རྟེན་དུ་གྱུར་པའི་དགོན་པ་དེ་གཏོར་མི་རུང་བའི་ཞུ་འབུལ་རབས་དང་རིམ་པར་བྱས་ཀྱང་། རྒྱ་ནག་གཞུང་གིས་དགོན་གྲོང་གཉིས་ཀྱི་ཞུ་འབོད་ལ་ཉན་འཇོག་མི་བྱེད་པ་མ་ཟད། ཨ་ཚོགས་དགོན་གྱི་རིག་དངོས་ཁག་དེ་འདྲའི་རྩ་ཆེན་པོ་ཞིག་མིན་ལུགས་དང་དགོན་པའི་ལས་སྣེ་བ་རྣམས་ཀྱིས་དུས་ལྟར་དགོན་པ་བཤིག་ཏུ་འཇུག་དགོས་པ་མ་ཟད། གལ་སྲིད་དགོན་གྲོང་མི་མང་གིས་ཟིང་ཆ་བསླངས་པ་ཡིན་ན་དགོན་པའི་ལས་ཀྱི་སྣེ་མོ་བ་དག་གིས་ཁྲིམས་ཀྱི་ཉེས་ཆད་འཁུར་དགོས་པའི་བཙན་བཀའ་བཏང་ཞིང་། ད་དུང་དགོན་པ་དེར་སྐུ་རབས་རིམ་བརྒྱུད་དུ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྐུ་འབུམ་དགེ་བཤེས་མཆོག་སྤྲུལ་རིན་པོ་ཆེ་ལ་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་དཔོན་རིགས་ཤིག་གིས། ཁྱོད་རང་གྲྭ་བ་བྱས་ནས་འདུག་འདོད་དམ་ཞེས་པའི་སྡིགས་ར་དང་འཇིགས་སྐུལ་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་།
གཞན་བོད་ནང་གི་འབྲེལ་ཡོད་མི་སྣ་དེས་མི་མཐུད་དུ་འགྲེལ་བརྗོད་དོན་ལྟར་ན། དཀར་མོ་གཡང་འཁྱིལ་གི་སོག་ལེ་ཁའི་ཞོལ་གྱི་བོག་ཐོ་ཞེས་པའི་ས་ཁུལ་དེར་རྒྱ་ནག་གི་ཆུ་གློག་གི་ས་ཚིགས་དེ་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། ས་ཁུལ་དེར་ཆུ་རགས་བརྒྱབས་པའི་དབང་གིས་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་། དགོན་པའི་མར་འདབས་སུ་བོད་དང་བོད་པ་ཁ་ཆེ་བའི་གྲུབ་པའི་གཡང་འཁྱིལ་སྡེ་བ་དང་། དགོན་པའི་ཉེ་འདབས་སུ་ཆགས་པའི་མཆོད་རྟེན་སྡེ་བ་བཅས་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་ཡོད་ལ། ལོ་ཤས་སྔོན་ནས་གཡང་འཁྱིལ་སྡེ་བ་སོག་ལེ་ཁ་སྒང་གི་རི་སྐེད་དུ་གནས་སྤར་དུ་བཅུག་ནས་ས་ཁུལ་དེར་ཁང་པ་གསར་རྒྱག་ཙམ་བྱས་ཡོད་པ་དང་། མཆོད་རྟེན་སྡེ་བར་ཆབ་ཆ་གྲོང་ཁྱེར་དུ་ཁང་པ་ཉོ་རྒྱུའི་མཐུན་རྐྱེན་སྦྱོར་ངེས་ལུགས་བཤད་ཡོད་ནའང་། དོན་གྱིས་གྲོང་ཁྱེར་དུ་རང་ཉིད་ཀྱིས་འགྲོ་སོང་བཏང་ནས་ཁང་པ་ཉོ་དགོས་པ་ལྟ་བུ་ཞིག་ཏུ་གྱུར་པའི་དབང་གིས་མཆོད་རྟེན་སྡེའི་ཁྱིམ་ཚང་བརྒྱ་ཆའི་དྲུག་ཅུ་ལྷག་ཁང་པ་ཉོ་རྒྱུའི་ཆ་རྐྱེན་མེད་པར་ལྷག་ཡོད་པ་དང་། ཨ་ཚོགས་དགོན་ལ་མཚོན་ན། བྲག་དཀར་རྫོང་ཧོལ་ཁ་གྲོང་བརྡལ་གྱི་ཉེ་འགྲམ་གྱི་ཁྱོ་དཀར་སྣག་ལོ་ཞེས་པར་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
འབྲེལ་ཡོད་མི་སྣ་དེས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན། སྡོད་ཁང་རང་རང་གིས་བཤིག་དགོས་པ་དང་བཤིག་གླར་རྒྱ་སྒོར་དྲུག་སྟོང་རེ་སྤྲད་སོང་ལ། ཉེ་སྔོན་མཆོད་རྟེན་སྡེ་བས་དུས་ཆད་ལྟར་ཁང་པ་བཤིག་མེད་པའི་རིགས་ཀྱི་ཁང་པར་ས་རྐོ་ལག་རིང་ཟེར་བའི་འཕྲུལ་ཆས་ཀྱིས་བརྒྱབས་ནས་ཤུལ་མེད་བཟོས་སོང་ལ། སྤྱི་ཟླ་༦པའི་ཚེས་༡གི་སྔོན་ལ་དགོན་པ་གཏོར་ཚར་དགོས་པའི་བཙན་བཀའ་བཏང་ཟིན་ཡོད་ནའང་། དགོན་པའི་དགེ་འདུན་པ་དག་གནས་སྤོར་བྱ་ཡུལ་གྱི་ཁང་པ་གང་ཡང་གྲ་སྒྲིག་བྱས་མི་འདུག་ལ། ད་སྐབས་མི་མང་གིས་མི་ལོ་བརྒྱ་དང་སུམ་ཅུ་ལྷག་ལ་ཕ་མེས་ཀྱི་དད་རྟེན་དུ་གྱུར་པའི་དགོན་པར་མཐའ་མཇུག་གི་གྱེས་ཕྱག་འབུལ་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ཐུང་ཤིག་འབྱོར་བའི་ནང་། རྒྱ་ནག་གཞུང་གིས་ཨ་ཚོགས་དགོན་པའི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་མཛད་སྒོའི་སྐབས་བུད་མེད་ཅིག་གིས་གསོལ་བ་སྨོན་ལམ་འདེབས་སྐབས་འདི་ལྟར་གསུང་ཀྱིན་འདུག དཀོན་མཆོག་གསུམ་པོ་ཐུགས་རྗེ་ཅན། ༧རྒྱལ་བ་༧པཎ་ཆེན་གཉིས་ཀྱི་སྐུ་ཚེ་རྒྱལ་མཚན་བརྟན་ནས། བླ་མ་དང་གྲྭ་ཚང་གི་སྐུ་ཚེ་རྒྱལ་མཚན་བརྟན་པ་དང་། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དར་བ། དྲིན་ཆེ་བའི་དྲིན་ཆེན་གྱི་ཕ་མ་གཉིས་ཀ་གཙོ་བྱས་ནས་ཁམས་གསུམ་འགྲོ་བ་རིགས་དྲུག་ལ་དགེ་བ་མཉམ་ཐོབ་ཀྱི་སྨོན་ལམ། ལུས་ལ་ནད་དང་། སེམས་ལ་སྡུག་བསྔལ་མེད་པའི་སྨོན་ལམ་ཞེས་གསོལ་བ་སྨོན་ལམ་འདེབས་བཞིན་པ་གསལ་བོར་ཐོས་ཐུབ།
ENG_TIB_AtsokMonastery.jpg
རྒྱ་ནག་གིས་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་གནས་སྤོར་བཟོ་སྐྲུན་གྱི་མཛད་སྒོ་བསྡུས་པ། པར་། མི་སེར་གསར་འགོད་པ།
རྒྱ་ནག་གཞུང་གིས་ཡུལ་དེའི་རྨ་ཆུར་གཡས་འཁྱིལ་ཆུ་གློག་ས་ཚིགས་རྒྱག་པར་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༢ནང་གཞུང་འབྲེལ་ཆུ་གློག་རྟོགས་ཞིབ་རུ་ཁག་ཟེར་བས་ལྟ་ཞིབ་བྱས་ཡོད་འདུག་ལ། ཆུ་གློག་འཛུགས་སྐྲུན་གྱི་འགན་གཙོ་བོ་རྨ་ཆུ་བཟོ་ལས་ཁང་ཟེར་བ་ཞིག་གིས་འཁུར་ཡོད་པ་དང་། ཆུ་གློག་ལས་གཞི་དེར་ཆོག་མཆན་སྤྲོད་མཁན་རྒྱ་ནག་རྒྱལ་ཁབ་འཕེལ་འགྱུར་ལས་ཁུངས་ཟེར་བ་ཞིག་ཡིན་འདུག རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ནང་དུ། ཆུ་མཛོད་དེའི་ཤོངས་ཚད་སྟོང་ཝ་དུང་ཕྱུར་༡༦.༣༩དང་། ཆུ་གློག་ས་ཚིགས་ཀྱི་སྤྱིའི་ཤོངས་ཚད་རྒྱ་དཔང་གྲུ་བཞི་མ་ཁྲི་༢༠.༤ ། ཆུ་རགས་ཀྱི་སྤྱིའི་རྒྱ་ཁྱོན་རྒྱ་དཔང་གྲུ་བཞི་མ་ཁྲི་༣༩༠ཡིན་ལུགས་བརྗོད་འདུག
ཕྱི་ལོ་༢༠༡༦ནས་༢༠༡༩བར་དུ་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འགྲམ་རྒྱུད་གཅིག་པུར་ཆུ་རག་ཆེ་ཆུང་༡༢འཛུགས་སྐྲུན་བྱས་ཡོད་པ་དང་། ཆུ་མཛོད་གསར་རྒྱག་དང་འབྲེལ་ས་གནས་ཀྱི་སྡེ་གྲོང་ཆེ་ཆུང་༡༡༤དང་ཡུལ་མི་༦༠༠༠༠ལྷག་གནས་སྤོར་བྱ་རུ་བཅུག་ཡོད་པ་དང་། སྤྱི་ལོ་༢༠༡༧ལོར་བོད་ཉག་ཆུ་རྫོང་གི་ཉེ་འགྲམ་དུ་ཆུ་མཛོད་རྒྱག་ཆེད་ཡུལ་དེའི་ཉེ་འཁོར་དུ་ཡོད་པའི་དགོན་པ་དང་གྲོང་ཚོ་གཉིས་གནས་སྤོར་བྱེད་བཅུག་ཡོད། ཕྱི་ལོ་༢༠༡༩ལོར་རྒྱ་ནག་གཞུང་གིས་ཆབ་མདོ་མཛོ་སྒང་རྫོང་སྟོབས་འབར་ཡུལ་ཚོའི་ཉེ་འགྲམ་གྱི་རྒྱལ་མོ་རྔུལ་ཆུའི་རྒྱུད་དུ་ཆུ་མཛོད་གློག་ཁང་ཁག་ཅིག་གསར་རྒྱག་ཆེད་ས་གནས་མི་མང་གནས་སྤོ་བྱེད་བཅུག་ཡོད་པ་དང་། ཉེ་སྔོན་སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་དབོན་སྟོད་དགོན་དང་ཡེ་ན་དགོན་སོགས་དགོན་པ་དྲུག་དང་གྲོང་ཚོ་གཉིས་ལྷག་གནས་སྤོར་དགོས་པའི་བཙན་བཀའ་བཏང་བར་མི་མང་གིས་ཞུ་རྒོལ་བྱས་པའི་དབང་གིས་བོད་མི་ཆིག་སྟོང་ལྷག་སྡེབ་འཛིན་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎