ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
གོང་ཞུས་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་གིས་དགོན་པ་གནས་སྤོར་གྱི་ལས་གཞི་དེ་ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་གླེང་སློང་བྱས་ཡོད་ན་ཡང་། ད་བར་དགོན་པའི་རིག་དངོས་ཁག་ལ་ཉམས་ཞིབ་དང་མི་མང་གི་འདོད་མོས་མེད་པ་སོགས་ལ་རྐྱེན་བྱས་ཏེ། དགོན་གྲོང་གཉིས་ནས་དགོན་པ་མི་གཏོར་རྒྱུའི་ཡར་ཞུ་སོགས་རིམ་པར་བྱས་ན་ཡང་། རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༣ ནང་ཨ་ཚོགས་དགོན་གྱི་རིག་དངོས་ཁག་རྩིས་མེད་དང་གལ་ཆེན་པོ་མིན་སྐོར་བརྗོད་ནས། ད་ལྟའི་ཆར་དགོན་པ་གནས་སྤོར་བྱེད་ཡུལ་གྱི་ས་གནས་དེ་དཔལ་ཁ་གྲོང་རྡལ་དང་ཐག་ཉེ་བའི་ཁྱོ་དཀར་སྣག་ལོ་ཞེས་པ་གཏན་ཁེལ་དང་། དགོན་པ་གནས་སྤོར་དང་བསྐྱར་སྐྲུན་ཆེད་མ་དངུལ་སོགས་གྲ་སྒྲིག་དང་། གནས་སྤོར་བྱེད་ཡུལ་དུ་མཛད་སྒོ་སོགས་ཚོགས་བཅུག་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་ཡུལ་དེའི་རྨ་ཆུར་གཡས་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་དེ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༢ ནང་གཞུང་འབྲེལ་ཆུ་གློག་རྟོགས་ཞིབ་རུ་ཁག་ཟེར་བས་ལྟ་ཞིབ་བྱས་ཡོད་འདུག་ལ། ཆུ་གློག་འཛུགས་སྐྲུན་གྱི་འགན་གཙོ་བོ་རྨ་ཆུ་བཟོ་ལས་ཁང་ཟེར་བ་ཞིག་གིས་འཁུར་ཡོད་པ་དང་། ཆུ་གློག་ལས་གཞི་དེར་ཆོག་མཆན་སྤྲོད་མཁན་རྒྱ་ནག་རྒྱལ་ཁབ་འཕེལ་འགྱུར་ལས་ཁུངས་ཟེར་བ་ཞིག་ཡིན་པ་དང་། ཡང་འབྲེལ་ཡོད་གཞན་དེས་དགོན་པ་གཏོར་རྒྱུའི་གཏན་ཁེལ་རྗེས། ས་གནས་ཡུལ་མི་ཕོན་ཆེན་དགོན་པར་འདུ་འཛོམས་ཀྱིས་ཕྱག་སྐོར་བ་དང་གསོལ་སྨོན་འདེབས་པ་སོགས་བྱེད་བཞིན་འདུག་ལ། དགོན་པ་གནས་སྤོར་བྱེད་མིན་ཐད་རྒྱ་ནག་གཞུང་གིས་དགོན་པའི་སྣེ་ཁྲིད་མཁན་ཚོར་བཙན་ཐབས་ཀྱིས་ངོས་ལེན་དང་། མི་མང་ཁྲོད་ཟིང་འཁྲུག་ཡོང་མི་ཆོག་པ་སོགས་ཀྱི་བཙན་ཐབས་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི། ཕྱི་ལོ་ ༡༨༨༩ ལོར་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པ་དང་། ད་ལྟའི་ཆར་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་ ༡༥༧ ལྷག་ཡོད་འདུག་ལ། དགོན་པ་དེ་ཕྱག་བཏབ་ནས་ད་བར་ལོ་ངོ་ ༡༣༠ ལྷག་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་རྒྱ་གཞུང་གིས་དགོན་པ་དེར་ལོ་ཆུང་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་ཚོད་འཛིན་སོགས་བྱས་ཡོད་པ་རེད་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།