ཆུ་གློག་ས་ཚིགས་རྒྱག་ཆེད་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོར་དགོས་པ་བརྗོད་འདུག

2022.05.17
Share on WhatsApp
Share on WhatsApp
ཆུ་གློག་ས་ཚིགས་རྒྱག་ཆེད་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོར་དགོས་པ་བརྗོད་འདུག ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་།
བོད་འབྱོར།/RFA

འདི་ལོ་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་མང་ར་རྫོང་གཉིས་ཀྱི་བར་མཚམས་སུ་ཆགས་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ཉེ་འགྲམ། དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་རྒྱུད་དུ་གཡས་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་རྒྱག་ཆེད། ཨ་ཚོགས་དགོན་པ་གནས་ཆགས་ཡོད་པའི་དཔལ་གྲོང་བརྡལ་ནས་སྤྱི་ལེ་༣ལྷག་གི་མཚམས་སུ་ཡོད་པའི་ཁྱོ་དཀར་སྣག་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་བཙན་ཐབས་ཀྱིས་གནས་སྤོར་དགོས་སྐོར་བཀའ་བཏང་ཡོད་ཀྱང་། དགོན་གྲོང་གཉིས་ཀྱི་ཡུལ་མི་ཚོས་དགོན་པ་གནས་སྤོར་ཐད་འདོད་མོས་མེད་སྐོར་བརྗོད་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལ། གཡས་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་དེ་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༢ནང་གཞུང་འབྲེལ་ཆུ་གློག་དང་རྟོགས་ཞིབ་རུ་ཁག་ཟེར་བས་ལྟ་ཞིབ་བྱས་རྗེས། ཆུ་གློག་འཛུགས་སྐྲུན་གྱི་འགན་གཙོ་བོ་རྨ་ཆུ་བཟོ་ལས་ཁང་ཟེར་བ་ཞིག་གིས་འཁུར་ཡོད་པ་དང་། ཆུ་གློག་ལས་གཞི་དེར་ཆོག་མཆན་སྤྲོད་མཁན་རྒྱ་ནག་རྒྱལ་ཁབ་འཕེལ་འགྱུར་ལས་ཁུངས་ཟེར་བ་ཞིག་ཡིན་པ་དང་། ད་ལྟའི་ཆར་དགོན་པའི་ངོས་ནས་སྲིད་གཞུང་ལ་དགོན་པ་གནས་སྤོར་མི་བྱེད་པའི་ཡར་ཞུ་བྱས་ཡོད་ཀྱང་། སྲིད་གཞུང་གི་འགོ་ཁྲིད་དང་ལས་བྱེད་རིམ་པར་ཡོང་སྟེ་དགོན་པ་ངེས་པར་དུ་སྤོར་དགོས་སྐོར་བརྗོད་པ་མ་ཟད། དགོན་པའི་གྲྭ་མང་ལ་ཚོགས་འདུ་རིམ་པར་ཚོགས་སྟེ་དགོན་པ་གནས་སྤོར་ལ་མོས་མཐུན་དགོས་པའི་སློབ་གསོ་གཏོང་བཞིན་ཡོད་འདུག
རྒྱ་ནག་གཞུང་འབྲེལ་མཚོ་སྔོན་ཆུ་གློག་(River water conservancy commission)་དྲ་བར་བཀོད་པའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཐེངས་འདིར་རྒྱག་འཆར་གྱི་ཆུ་གློག་ས་ཚིགས་དེའི་ཆུ་མཛོད་ཤོངས་ཚད་དུང་ཕྱུར་༡༦.༣༩དང་། ཆུ་རག་གི་སྤྱིའི་ཚད་གཞི་སྤྱི་ལེ་གྲུ་བཞི་མ་ཁྲི་༣༩༠དང་། དེ་བཞིན་དུ་མ་འོངས་པར་ལོ་ངོ་མང་པོར་ཆུ་གློག་འདོན་ཚད་དུང་ཕྱུར་༤༧.༣༢ཟིན་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་། ཕྱི་ལོ་༢༠༡༦ནས་༢༠༡༩བར་དུ་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འགྲམ་རྒྱུད་གཅིག་པུར་ཆུ་རག་ཆེ་ཆུང་༡༢འཛུགས་སྐྲུན་བྱས་ཡོད་པ་དང་། ཆུ་མཛོད་གསར་རྒྱག་དང་འབྲེལ་ས་གནས་ཀྱི་སྡེ་གྲོང་ཆེ་ཆུང་༡༡༤དང་ཡུལ་མི་༦༠༠༠༠ལྷག་གནས་སྤོར་བཏང་ཡོད་སྐོར་བཀོད་འདུག་ལ། གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་སྲིད་གཞུང་གི་བཀོད་ཁྱབ་བཏང་བ་ནས་བཟུང་། མ་འོངས་པར་དགོན་པ་གནས་སྤོར་དགོས་པ་གཏན་འཁེལ་ཡིན་སྐོར་བརྗོད་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་ཆུ་མཛོད་ཆེད་བོད་ཀྱི་གྲོང་སྡེ་དང་དགོན་པ་སོགས་བཙན་ཐབས་ཀྱིས་གནས་སྤོར་བྱེད་བཅུག་གི་ཡོད་པའི་གནས་ཚུལ་རིམ་པར་བྱུང་ཡོད་པ་རེད། དཔེར་ན་ཕྱི་ལོ་ཕྱི་ལོ་༢༠༡༧ལོར་བོད་ཉག་ཆུ་རྫོང་གི་ཉེ་འགྲམ་དུ་ཆུ་མཛོད་རྒྱག་ཆེད་ཡུལ་དེའི་ཉེ་འཁོར་དུ་ཡོད་པའི་དགོན་པ་དང་གྲོང་ཚོ་གཉིས་གནས་སྤོར་བྱེད་བཅུག་ཡོད་པ་དང་། ཕྱི་ལོ་༢༠༡༩ལོར་རྒྱ་ནག་གཞུང་གིས་ཆབ་མདོ་མཛོ་སྒང་རྫོང་སྟོབས་འབར་ཡུལ་ཚོའི་ཉེ་འགྲམ་གྱི་རྒྱལ་མོ་རྔུལ་ཆུའི་རྒྱུད་དུ་ཆུ་མཛོད་གློག་ཁང་ཁག་ཅིག་གསར་རྒྱག་ཆེད་ས་གནས་མི་མང་གནས་སྤོ་བྱེད་བཅུག་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་ཆེ་ཁག་ལ་ཆུ་མཛོད་མང་པོ་བརྒྱབ་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་དུ་རྒྱག་འཆར་ཡོད་པ་རེད་ལ། གནད་དོན་དེས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་ལ་དཀའ་ངལ་དང་། ཁོར་ཡུག་གི་གནས་བབ་ཐད་གནོད་སྐྱོན་ཆེན་པོ་བྱུང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི། ཕྱི་ལོ་༡༨༨༩ལོར་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པ་དང་། ད་ལྟའི་ཆར་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་༡༥༧ལྷག་ཡོད་ན་པ་དང་། ཕྱི་ལོ་༢༠༢༡ལོ་ནས་བཟུང་རྒྱ་གཞུང་གིས་དགོན་པ་དེར་རང་ལོ་༡༨མ་ཟིན་པའི་གྲྭ་བ་ཚོ་དགོན་པར་སྡོད་མི་ཆོག་པ་བཟོས་པའི་གནས་ཚུལ་བྱུང་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎