རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གསལ་པོ་བཟོ་གནང་དགོས་པ་བདེ་སྲུང་བཀའ་བློན་མཆོག་གིས་འབོད་སྐུལ་ཞུས་འདུག
དེ་ཡང་སྤྱི་ཟླ་༥བའི་ཚེས་༦ཉིན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibbat Sahyog Manch)་ཞེས་པ་དབུ་བརྙེས་ནས་མི་ལོ་༢༥འཁོར་བའི་དུས་ཆེན་གྱི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་བ་དང་། རྒྱ་གར་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་བོད་ལ་འཛིན་པའི་སྲིད་བྱུས་གསལ་པོ་བཟོ་གནང་དགོས་པ་འབོད་སྐུལ་ཞུས་འདུག
དེའི་ཐད་མཛད་སྒོར་དེར་ཚོགས་བཅར་ཞུས་ཡོད་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཨེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བདེ་སྲུང་བཀའ་བློན་མཆོག་གིས་གཏམ་བཤད་སྐབས་འཕགས་བོད་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་དང་། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་མ་བྱས་གོང་དུ་རྒྱ་དཀར་ནག་བར་ས་མཚམས་ཀྱི་འབྲེལ་བ་མེད་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་དང་མཉམ། རྒྱ་གར་གཞུང་དམངས་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་ད་བར་གནས་ཚང་གཡར་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱང་འཛུགས་རྒྱུའི་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་འབྲེལ། བོད་མི་ཚོས་བོད་དོན་བདེན་པའི་འཐབ་རྩོད་བྱེད་བཞིན་པའི་སྐབས་འདིར་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་གྲོས་ཆོད་འཇོག་པ་སོགས་ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་གསལ་ངང་བོད་དོན་རྒྱབ་སྐྱོར་གནང་བཞིན་པ་ལྟར། གནས་ཚང་རྒྱ་གར་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་ལ་འཛིན་པའི་སྲིད་བྱུས་ལངས་ཕྱོགས་གསལ་པོ་བཟོ་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།
མཛད་སྒོ་དེའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(BTSM)་ཐོག་མར་གསར་འཛུགས་གནང་མཁན་(Shri Dr Indresh Kumar)་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(BTSM)་ཡི་སྤྱི་ཁྱབ་དྲུང་ཆེ་(Shri Pamkaj Goyal)་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། རྒྱ་གར་དབུས་ཉེན་རྟོག་ལས་ཁུངས་ཀྱི་གཙོ་འཛིན་ལས་འཕར་སོགས་གནད་ཡོད་དཔོན་རིགས་དང་། བོད་དོན་རྒྱབ་སྐྱོར་བ། བོད་མི་སོགས་ཁྱོན་མི་གྲངས་༢༠༠ལྷན་མཉམ་ཞུགས་གནང་ཡོད་འདུག།
གསར་འགོད་པ། བསོད་ནམས་ལྷ་མོ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།