བྱ་ནད་ཕོག་པའི་མི་གཉིས་པ་འདས་གྲོངས་ཕྱིན་པ།
2012.01.22
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་སླར་ཡང་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་ནང་བྱ་ནད་ཀྱི་རྐྱེན་བྱས་ཏེ་ནད་པ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། རྒྱ་ནག་གི་འཕྲོད་བསྟེན་དཔོན་རིགས་ནས་ཟླ་བ་གཅིག་ཙམ་དེའི་ནང་དུ་རྒྱ་ནག་ནང་བྱ་ནད་འགོས་ཁྱབ་ཟིན་པའི་ནད་པ་གཉིས་འདས་གྲོངས་སུ་ཕྱིན་པའི་སྐོར་བཤད་ཡོད་པ་རེད།
དེ་ཡང་ན་ནིང་ཕྱི་ཟླ་བཅིུས་པའི་ཟླ་མཇུག་ཙམ་ལ་བྱ་ནད་H5N1 གི་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་གཅིག་འདས་གྲོངས་སུ་ཕྱིན་པ་དང༌། དེ་ནི་འདས་པའི་ལོ་གཅིག་དང་ཟླ་བ་དྲུག་ནང་དུ་བྱ་ནད་ཀྱི་རྐྱེན་བྱས་ཏེ་འདས་གྲོངས་སུ་ཡིན་པ་ཐེངས་དང་པོ་ཡིན་ཞིང༌། དེ་ནས་དེ་རིང་རེས་གཟའ་ཉི་མའི་ཉིན་སླར་ཡང་རྒྱ་ནག་གི་ལྷོ་ནུབ་Guizhou ཞིང་ཆེན་ནང་བྱ་ནད་འགོས་ཁྱབ་ཟིན་པའི་ནད་པ་གཅིག་འདས་གྲོངས་སུ་ཕྱིན་པ་དེ་ནི། ཟླ་བ་འདིའི་ཚེས་དྲུག་ཉིན་བྱ་ནད་ནད་མནར་བྱུང་བ་དང༌། འཕྲལ་དུ་Guizhou ཞིང་ཆེན་གྱི་རྒྱལ་ས་Guiyang གྱི་སྨན་ཁང་དུ་བསྐྱལ་ཡོད་ཀྱང༌། ནད་པ་དེའི་གནས་སྟངས་མྱུར་པོའི་ཐོག་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང༌། ནད་པ་མ་གྲོངས་གོང་ལ་བྱ་ནད་ཡིན་མིན་བརྟག་དཔྱད་བྱས་པའི་ནང་བྱ་ནད་ཡིན་པ་ངེས་གཏན་བྱུང་བའི་སྐོར་ཞིང་ཆེན་གྱི་འཕྲོད་བསྟེན་ལས་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད།།