རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་དབར་ཐད་འབྲེལ་ཁ་པར་འཛུགས་རྒྱུར་མོས་མཐུན་བྱུང་འདུག

2021-02-26
Share
རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་དབར་ཐད་འབྲེལ་ཁ་པར་འཛུགས་རྒྱུར་མོས་མཐུན་བྱུང་འདུག ལ་དྭགས་ཕྱོགས་ཀྱི་འཕགས་བོད་ས་མཚམས་སུ་རྒྱ་ནག་གི་བཅིངས་གྲོལ་དམག་མི་ཕྱིར་འཐེན་སྐབས། ༢།༡༦།༢༡
Indian Army/AFP

རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་རྩོད་གླེང་ཇེ་ཆེར་མི་འགྲོ་བའི་ཆེད་ཡུལ་གྲུ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་བར་ཛ་དྲག་གི་ཁ་པར་འབྲེལ་མཐུད་གསར་འཛུགས་བྱ་རྒྱུར་མོས་མཐུན་བྱུང་འདུག
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཡི་ཤཱན་ཀར(S. Jaishankar)དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)གཉིས་བར་ཕྱི་ཟླ་༢ཚེས་༢༥རེས་གཟའ་ཕུར་བུའི་ཉིན། ཁ་པར་ཐོག་ས་མཚམས་ཀྱི་རྙོག་གླེང་སྐོར་བཀའ་མོལ་གནང་ཞིང་། རོཡེ་ཀྲརསི་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཁབ་གཉིས་བར་ས་མཚམས་ཁུལ་དུ་ད་ལྟའི་དཀའ་རྙོག་དེ་མུར་གནས་ཚེ། དེ་ནི་ཕྱོགས་གཉིས་ཀར་ཁེ་ཕན་གང་ཡང་མེད་པའི་གནས་སྟངས་ཞིག་ཡིན་པ་དང་། ལ་དྭགས་ཁུལ་དུ་རྒྱ་དཀར་ནག་བར་ས་མཚམས་ནས་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེ་བྱེད་རྒྱུར་མོས་མཐུན་བྱུང་བའི་རྗེས། ས་མཚམས་ས་ཁུལ་གཞན་དུ་ཡང་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་བསྡུ་བྱེད་ཕྱོགས་ཐད་བཀའ་བསྡུར་གནང་རྩིས་ཡོད་པ་དང་། ས་མཚམས་དང་འབྲེལ་བའི་རྙོག་གླེང་ཇེ་ཆེར་མི་འགྲོ་བའི་སླད། རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་བར་ཁ་པར་བརྒྱུད་ཐད་ཀར་འབྲེལ་མཐུད་ཀྱི་བརྒྱུད་ལམ་གསར་བསྐྲུན་ཡང་བྱས་ཡོད་འདུག
སྔ་ལོ་རྒྱ་གར་ལ་དྭགས་ཤར་ཕྱོགས་ཀྱི་(Galwan)ལུང་གཤོངས་སུ། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་འཁྲུག་རྩོད་བྱུང་ནས་རྒྱ་གར་གྱི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་ཡོད་ཅིང་། སྐབས་དེ་དུས་རྒྱ་ནག་གཞུང་གིས་རྒྱ་མིའི་དམག་མིའི་ཚེ་སྲོག་ཤོར་ཡོད་མེད་ཀྱི་གནས་ཚུལ་གསང་བ་བྱས་ཀྱང་། ཉིན་ཤས་གོང་དམག་མི་བཞིའི་ཚེ་སྲོག་ཤོར་བ་ཕྱི་བསྒྲགས་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།