རྒྱ་ནག་གཞུང་གིས་མཐའ་སྲུང་དམག་མིར་བོད་མི་མང་པོ་བསྡུས་ནས་བོད་རིགས་ཀྱི་དམག་སྡེ་ཞིག་འཛུགས་འཆར་འདུག

2021.04.19
རྒྱ་ནག་གཞུང་གིས་མཐའ་སྲུང་དམག་མིར་བོད་མི་མང་པོ་བསྡུས་ནས་བོད་རིགས་ཀྱི་དམག་སྡེ་ཞིག་འཛུགས་འཆར་འདུག རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་སུ་དམག་མི་གསར་པ་༧༠༠མངགས་གཏོང་བྱས་སྐབས། ༣།༢༠༢༡
དྲ་བཤུས། རྒྱ་ནག་གཞུང་འབྲེལ་གྱི་དམག་དོན་བརྒྱུད་ལམ།

རྒྱ་ནག་གཞུང་གིས་བཅིངས་གྲོལ་དམག་མིའི་ཁྲོད་དམིགས་བསལ་བོད་རིགས་དམག་དཔུང་ཟེར་བ་ཞིག་གསར་འཛུགས་བྱ་འཆར་ཡོད་པ་དེ་ནི་གཙོ་བོ་རྒྱ་གར་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཡིན་པ་འབྲེལ་ཡོད་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
ཉེ་ལམ་རྒྱ་གར་གྱི་གསང་བའི་སྡེ་ཚན་ཁག་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ། རྒྱ་ནག་གི་བཅིངས་གྲོལ་དམག་མིས་བོད་མི་ཁོ་ན་ལས་གྲུབ་པའི་བོད་རིགས་དམིགས་བསལ་དམག་དཔུང་ཟེར་བ་ཞིག་གསར་འཛུགས་བྱ་འཆར་ཡོད་པ་མ་ཟད། དེའི་འོས་འགན་གཙོ་བོ་ནི། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་གསང་བའི་ལས་དོན་གཉེར་རྒྱུ་དེ་ཡིན་པ་བརྗོད་འདུག འོན་ཀྱང་། གནས་ཚུལ་དེའི་ཐད་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདས་པའི་ཟླ་བ་ཁ་ཤས་ཀྱི་གོང་དུ་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མི་དབར་གདོང་ཐུག་དང་རྩོད་རྙོག་རིམ་པར་བྱུང་ཡོད་པའི་ཁྲོད། རྒྱ་གར་གྱི་དམིགས་བསལ་མདུན་སྐྱོད་དམག་དཔུང་ངམ་བོད་དམག་སྒྲིག་འཛུགས་ཨང་༢༢པས་རྒྱ་གར་གྱི་མཐའ་མཚམས་དམག་མིར་དཔུང་རོགས་གནང་སྟེ། རྒྱ་གར་རྒྱལ་སྲུང་ལ་ཞབས་འདེགས་ཤུགས་ཆེ་ཞུས་པའི་རྗེས་འབྲས་སུ། དམག་དཔུང་དེར་རྒྱ་གར་མང་ཚོགས་ཀྱིས་གུས་བརྩི་དང་ཆེ་བསྟོད་ཤུགས་ཆེ་གནང་ཡོད་པ་མ་ཟད། རྒྱ་ནག་ལ་ཡང་བརྡ་ལན་ཁ་གསལ་ཞིག་སྤྲད་ཡོད། དེར་བརྟེན། རྒྱ་ནག་གཞུང་གིས་རྒྱ་གར་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་བོད་རིགས་དམིགས་བསལ་དམག་དཔུང་ཟེར་བ་དེ་ཆེད་འཛུགས་ཀྱིས་འབྱུང་འགྱུར་ས་མཚམས་ཀྱི་རྩོད་རྙོག་རིགས་ལ་འགོག་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་གསལ་པོ་མཚོན་ཐུབ་ཅེས་འགྲེལ་བརྗོད་གནང་སོང་།
གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་རྐྱང་ལས་གྲུབ་པའི་བོད་རིགས་དམིགས་བསལ་དམག་དཔུང་ཟེར་བ་ཞིག་དངོས་སུ་ཟུར་བཙུགས་བྱས་པ་ཡིན་ན། དེ་ནི་མི་རིགས་བྱེ་བྲག་པ་ཞིག་ལས་གྲུབ་པའི་རྒྱ་ནག་གི་བཅིངས་གྲོལ་དམག་མིའི་དམག་སྡེ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་འདུག
ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔོན་སྤྱི་ཟླ་༢པའི་ཟླ་མཇུག་ཏུ་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་ནག་གི་བཅིངས་འགྲོལ་དམག་མི་ཟེར་བའི་ལས་བྱེད་པ་ཁག་ཅིག་རྒྱ་གར་དང་ས་འབྲེལ་ཆགས་པའི་བོད་ཀྱི་མངའ་རིས་ཕྱོགས་སུ་ཕྱིན་ཏེ་དམིགས་བསལ་དམག་དཔུང་དེའི་ཆེད་དུ་བོད་མི་བསྡུ་སྐོང་བྱེད་རྒྱུའི་ལས་གཞི་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ད་ཐེངས་རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་ལོགས་སུ་བོད་པའི་དམག་མི་གསར་བསྡུ་བྱེད་པ་དེས་བོད་མཐོ་སྒང་ས་ཁུལ་དུ་བོད་མི་ཚོ་རྒྱ་མི་དང་མི་འདྲ་བར་དམིགས་བསལ་གྱི་ནུས་པ་དང་ཁྱད་ཆོས་ཡོད་པ་མཚོན་ཐུབ་ཅེས་དང་། བོད་དེ་ས་མཐོ་བའི་དབང་གིས་སྐབས་རེར་རྒྱ་མི་ཚོར་དབུགས་ཀྱིས་མི་འདང་པའི་དཀལ་ངལ་ཡང་འཕྲད་ཀྱི་ཡོད་པ་མ་ཟད། བོད་པའི་དམག་མི་ཚོར་མཐའ་མཚམས་སྲུང་རྒྱུའི་ནུས་པ་ཆེན་པོ་ཡོད་པ་ཡོངས་གྲགས་ཡིན་པ་འགྲེལ་བརྗོད་གནང་སོང་།
ཉེ་ལམ་ཟླ་༣ཚེས་༡༥ནས་༡༩བར་ཉིན་ལྔའི་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཡོད་པའི་མངའ་རིའི་ཡན་ལག་དམག་ཁུལ་ཁང་གི་དམག་མི་གསར་པ་༧༠༠ལྷག་ཙམ་ལ་དུས་ཡུན་ལོ་ཕྱེད་རིང་སྦྱོང་བརྡར་སྤྲད་པ་མཇུག་སྒྲིལ་ནས་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་བརྒྱུད་སྔ་རྗེས་སུ་མངའ་རིས་ས་མཐོར་བསྐྱོད་ཡོད།
གཞི་རྩའི་ཆ་ནས་སྤྱི་ཚེས་༩ཉིན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་དཔོན་བར་མཐའ་མཚམས་རྩོད་རྙོག་དང་འབྲེལ་བའི་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཞི་འཇམ་ངང་གནས་རྒྱུའི་མོས་མཐུན་བྱས་ཡོད་འདུག
རྒྱ་ནག་གི་ཡིག་ཆ་གཞིར་བཟུང་བྱས་ན། ཕྱི་ལོ་༢༠༡༠ལོར་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མིའི་ནང་རྒྱ་ཧན་མི་རིགས་གཙོས་དམག་མི་ས་ཡ་གཉིས་དང་འབུམ་གཅིག་ཙམ་ཡོད་པ་དང་། དེའི་ཁོངས་སུ་བོད་རིགས་དམག་མི་༤༣༠༠ཙམ་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་དམག་མིའི་གྲངས་འབོར་དང་བོད་རིགས་ག་ཚོད་ཡོད་མེད་ཀྱི་ཡིག་ཆ་རག་ཁག་པོ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎