རྒྱ་ནག་གཞུང་གིས་ས་མཚམས་འཛུགས་བསྐྲུན་རྒྱ་བསྐྱེད་དང་མཉམ་རྒྱ་གར་ལ་སོ་ལྟ་བྱེད་ཀྱི་ཡོད་འདུག

2021.06.01
རྒྱ་ནག་གཞུང་གིས་ས་མཚམས་འཛུགས་བསྐྲུན་རྒྱ་བསྐྱེད་དང་མཉམ་རྒྱ་གར་ལ་སོ་ལྟ་བྱེད་ཀྱི་ཡོད་འདུག རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཡི་རམ་ཋཱ་ཀུར་(Jai Ram Thakur)་ལགས་ཀྱིས་འཕགས་བོད་ས་མཚམས་སུ་གཟིགས་སྐོར། ༥།༢༩།༢༡
Information And Public Relations Department, Himachal Pradesh

རྒྱ་གར་ཧི་མ་ཅལ་མངའ་སྡེའི་འཕགས་བོད་ས་མཚམས་སུ་རྒྱ་ནག་གཞུང་གིས་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་བ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག
ཉེ་ལམ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཡི་རམ་ཋཱ་ཀུར་(Jai Ram Thakur)་ལགས་ཀྱིས། བོད་དང་ཐག་ཉེ་བའི་རྒྱ་གར་གི་ས་གནས་ཀི་ནུར་དང་། ལ་ཧོལ་སི་པི་ཏི་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་འཕགས་བོད་ས་མཚམས་དེའི་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེ་རུ་བཏང་བ་དང་། དེ་བཞིན་གསང་ཉུལ་གྱི་ལས་དོན་བྱེད་བཞིན་ཡོད་པ་སོགས་ཀྱི་ཐད་ལ་རྒྱ་གར་དབུས་གཞུང་ལ་སྙན་སེང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

དེའི་ཐད་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་ཝི་ནེག་བྷཊ་(Vinayak Bhat)ལགས་ཀྱིས་གསུངས་ན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གསུངས་པ་དེ་དངོས་འབྲེལ་རེད། རྒྱ་ནག་གཞུང་གིས་ཁུལ་དེར་འཛུགས་བསྐྲུུན་ལས་གཞི་སྤེལ་བཞིན་པ་དེ་རྒྱ་གར་གྱི་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་རེད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ལ་ཧོལ་སི་པི་ཏི་གསུམ་མདོ་རུ་ཡོད་པའི་དམག་སྡེ་ཁག་གི་དཔོན་རིགས་ཚོ་དང་ལྷན་དུ་ཚོགས་འདུ་ཚོགས་ཡོད་པ་བཞིན། རྒྱ་གར་གཞུང་གི་ས་མཚམས་ཀྱི་གནས་ཚུལ་ཚང་མ་མཁྱེན་རྟོགས་ཡོད་པ་མ་ཟད། གལ་ཏེ། རྒྱ་ནག་གིས་དམག་རྒྱག་རྩིས་བྱས་པ་ཡིན་ན། རྒྱ་གར་གྱི་ཕྱོགས་ནས་དམག་དཔུང་འགྲེམ་ཕྱོགས་མཚོན་པའི་སྔོན་ཚུད་ཀྱི་གྲ་སྒྲིག་ཆ་ཚང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་གསུང་ན། རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཞིག་གིས་ས་མཚམས་སུ་གཟིགས་ཞིབ་གནང་བ་དང་། བཀའ་མོལ་གནང་བ་དེ་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། ས་མཚམས་ལ་ཉེན་ཁ་ཡོད་པའི་རྒྱུ་མཚན་ཅིག་ནི། ཧི་མ་ཅལ་དང་བོད་ཀྱི་ས་མཚམས་སུ་གཙོ་བོ་ལ་གཉིས་ཡོད་པ་ནི་སིབ་ཀི་ལ་དང་། ཀུ་རི་ལ་གཉིས་དེ་རེད། དེ་གཉིས་ཀྱི་ནང་ནས་ད་ལྟ་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་སྤེལ་ས་དེ་ཀུ་རི་ལ་རེད། དེ་བཞིན་ཁུལ་དེར་གཞུང་གི་ལམ་ཆེན་འཁེལ་གྱི་ཡོད་པ་སོགས་ལ་བརྟེན་ནས་རྒྱ་གར་གྱིས་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་ཁོང་གིས་ཧི་མ་ཅལ་མངའ་སྡེའི་ས་གནས་ཀི་ནུར་དང་། ལ་ཧོལ་སི་པི་ཊི་ནི་ད་ལྟ་རྒྱ་ནག་གཞུང་གིས་བོད་མངའ་རིས་ཁུལ་དུ་རྫོང་ཁག་བདུན་ལ་དབྱེ་ཡོད་པའི་ནང་ནས་རྩ་མདའ་རྫོང་དང་འཁེལ་ཀྱི་ཡོད་པ་རེད། དེ་སྔ་ལོ་རྒྱུུས་ཐོག་འཕགས་བོད་ས་མཚམས་ཀྱི་ཡུལ་མིའི་བར་འབྲེལ་བ་དམ་ཟབ་ཡོད་པ་ལ་བརྟེན་ནས་ས་མཚམས་གྱི་དཀའ་རྙོག་གང་ཡང་ཡོད་པ་མ་རེད། ཕྱིས་སུ་བོད་རྒྱ་ནག་གི་དབང་བསྒྱུར་བྱས་པའི་རྗེས་སུ། འཕགས་བོད་ས་མཚམས་སུ་དཀའ་རྙོག་རྒྱུན་མ་ཆད་པར་ཡོང་བཞིན་ཡོད་པ་གསུང་གནང་གི་འདུག

ཧི་མ་ཅལ་མངའ་སྡེའི་ས་གནས་ཀི་ནུར་དང་ལ་ཧོལ་སི་པི་ཊི་ཁུལ་དུ་༢༠༢༠་ལོའི་ཕྱི་ཟླ་༤་པའི་ནང་དང་། རྗེས་སུ་ཕྱི་ཟླ་༥་འགོ་སྟོད་བཅས་ཐེངས་གཉིས་རྒྱ་ནག་གཞུང་གིས་ཐད་འཕུར་གནམ་གྲུ་བཏང་ནས་གློ་བུར་བཙན་འཛུལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། ད་བར་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་གདོང་ཐུག་ཐེངས་ཆིག་སྟོང་ལྷག་བྱུང་ཡོད་པ་སོགས་ལོ་རྒྱུས་ཐོག་ས་མཚམས་ཀྱི་དཀའ་རྙོག་རྒྱུན་རིང་ཤོས་དང་མཇུག་སྒྲིལ་ཡ་མེད་པ་དེ་ཆགས་ཡོད་ཅིང་། དེའི་རྒྱུ་མཚན་གཙོ་བོ་དེ། ལོ་རྒྱུས་ཐོག་འཕགས་བོད་ས་མཚམས་མ་གཏོགས་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་མེད། དེར་བརྟེན་ཇི་སྲིད་བོད་ཀྱི་དཀའ་རྙོག་མ་སེལ་བར་དེ་སྲིད་དུ་ས་མཚམས་དཀའ་རྙོག་སེལ་ཐབས་མེད་ཅེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱི་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎