རྡ་རམ་སཱ་ལར་དཔལ་ནཱ་ལེན་དྲ་དང་དེའི་གལ་གནད་སྐོར་ལ་བགྲོ་གླེང་ལྷན་ཚོགས་གནང་སོང་།

2021.10.01
རྡ་རམ་སཱ་ལར་དཔལ་ནཱ་ལེན་དྲ་དང་དེའི་གལ་གནད་སྐོར་ལ་བགྲོ་གླེང་ལྷན་ཚོགས་གནང་སོང་། རྡ་རམ་སཱ་ལར་དཔལ་ནཱ་ལེན་དྲ་དང་དེའི་གལ་གནད་སྐོར་ལ་བགྲོ་གླེང་ལྷན་ཚོགས་གནང་སྐབས། 10/1/21
RFA/Dhasa

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ། འཛམ་གླིང་སྤྱིའི་བདེ་རྩ་དང་འབྲེལ་བ་ཡོད་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོ་དེ་དག་རྒྱ་གར་ནང་བསྐྱར་གསོ་གནང་རྒྱུ་དེ་ཡིན་པ་དང་། དེ་དག་སླར་གསོ་ཡོང་བར་རྒྱ་གར་རང་ཉིད་ནས་ཤུགས་གནོན་རྒྱག་དགོས་པའི་བཀའ་སློབ་ཡང་ནས་ཡང་དུ་ཕེབས་ཀྱི་ཡོད་ཅིང་། ཉེ་ལམ་རྒྱ་གར་གཞུང་གིས་མཐུན་འགྱུར་འོག་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་(IBC)དང་། རྒྱ་གར་རིག་གཞུང་ལྷན་ཚོགས་(ICCR) དེ་བཞིན་རྡ་ས་རིགས་ལམ་སློབ་གཉེར་ཁང་བཅས་གསུམ་མཉམ་འབྲེལ་གྱི་ཐོག་ནས་ནཱ་ལེན་དྲའི་ཆོས་བརྒྱུད་ཀྱི་ཤུལ་བཞག་དང་། དེའི་ཁྱད་འཕགས་ཀྱི་ཡོན་ཏན་དང་དོན་དངོས་ལག་བསྟར་བྱེད་ཚུལ་ཞེས་པའི་བརྗོད་གཞི་ཐོག་ཉིན་གཅིག་རིང་གི་ཚོགས་འདུ་ཞིག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་འབུམ་རམས་པ་(Dhammapiya)་ལགས་ཀྱིས། ད་རེས་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་བརྒྱུད་འཛམ་གླིང་སྤྱིར་ཕན་རླབས་བསྐྲུན་རྒྱུ་དེ་ཡིན། དེ་ཡང་ང་ཚོ་འགྲོ་བ་མི་ཚང་མ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འདོད་ཡོད་པ་ཤ་སྟག་ཡིན་པས། དེ་ལྟར་ཡོང་བར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱུན་དུ་ནས་གསུངས་པ་བཞིན། གཙོ་བོ་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དེ་ཚུལ་བཞིན་ཉམས་ལེན་བྱེད་རྒྱུ་དེ་ཡིན་ཞེས་གསུངས་གནང་སོང་།
ད་རེས་ཀྱི་ནང་པའི་ལྷན་ཚོགས་དེ་ནི་རིང་མིན་སྤྱི་ཟླ་༡༡་ནང་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་(Nava Nalanda)་རུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཆ་ཤས་ཤིག་ཡིན་འདུག་པ་དང་། དེ་དང་ཕྱོགས་མཚུངས་རྒྱ་གར་སྒང་ཏོག་དང་། རྒྱལ་ས་ལྡི་ལི། ཝ་ར་ན་སི། (Hyderabad)་བཅས་ཀྱི་ས་ཁུལ་དུ་ཡང་དེ་དེ་བཞིན་གྱི་གོང་ཞུས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་འབྲེལ་བའི་ཚོགས་འདུའི་རིགས་ཚོགས་རྒྱུ་ཡིན་འདུག་ཅིང་། ས་རཱ་མཐོ་སློབ་ནི་ད་རེས་ཀྱི་ཚོགས་འདུ་དེ་གོ་སྒྲིག་གནང་མཁན་གྲས་ཤིག་ཡིན་པ་རེད། མཐོ་སློབ་དེ་ཉིད་ཀྱི་སློབ་སྤྱི་པ་སངས་ལགས་ཀྱིས། བར་ལམ་གཞི་ནས་རྒྱ་གར་གཞུང་གི་ངོས་ནས་ནང་ཆོས་སློབ་ཁྲིད་བྱེད་སའི་ལྟེ་གནས་དེ་དག་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་གནང་འགོ་བཙུགས་ཤིང་། རྒྱ་གར་ལ་ད་ཐེངས་ཀྱི་ཚོགས་འདུ་འདི་ནི་ཆབ་སྲིད་དང་། དཔལ་འབྱོར། ཆོས་ཕྱོགས་བཅས་ཀྱི་ཐོག་ལ་གལ་འགངས་ཆེན་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།
ནང་པའི་ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་ཕྱི་ནང་གི་དོན་གཉེར་བ་༦༠་ཙམ་མཉམ་ཞུགས་གནང་བའི་ཁྲོད་བོད་དུ་དབུ་མའི་ལྟ་བ་འཕེལ་རྒྱས་འགྲོ་ཕྱོགས་དང་འབྲེལ་བའི་ཐོག་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཨ་ཏི་ཤ་མ་མཐུར་ལགས་ཀྱིས། ནང་ཆོས་ལ་རྒྱུས་ལོན་ཡོང་བར་འདི་ལྟ་བུའི་ཚོགས་འདུ་ནི་ཧ་ཅང་གི་གལ་གནད་ཆེ་ཞིང་། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་གི་ཤེས་ཡོན་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཕྱིན་པ་ཡིན་ན་རང་གཞན་ཚང་མར་ཕན་ཐོགས་ཡོད་པ་ངོ་སྤྲོད་གནང་བྱུང་།
ལྷན་ཚོགས་འདིའི་ཐོག་གཏམ་བཤད་པ་ཁག་ཅིག་ཡོད་པ་ལས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ལོ་ཤས་གོང་ནས་རྒྱ་གར་གཞུང་རང་གིས་རྒྱ་གར་ནང་དུ་འགྲོ་གྲོན་འབོར་ཆེན་བཏང་སྟེ་ནཱ་ལེན་དྲའི་ཆོས་བརྒྱུད་ཚུད་པའི་ནང་ཆོས་དང་འབྲེལ་བའི་ཚོགས་འདུའི་རིགས་འཚོགས་པ་དང་། ལས་གཞི་སྤེལ་བ་སོགས་དོ་སྣང་ཤུགས་ཆེར་ཡོང་གི་འདུག་པས། གནའ་བོའི་རིག་གཞུང་དེ་དག་རྒྱ་གར་ནང་དར་སྤེལ་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོང་ངེས་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
སྐབས་དེའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ཀྱིས། ནཱ་ལན་དྲའི་ཆོས་བརྒྱུད་ཀྱི་གལ་གནད་དང་། དེ་བོད་ལ་ཇི་ལྟར་དར་སྤེལ་བྱུང་ཡོད་པའི་སྐོར་ངོ་སྤྲོད་གནང་ཞིང་། ལྷག་པར་ཚོགས་བཅར་བ་རྣམས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་སྦྲགས། ཚོགས་བཅར་བ་ཚོས་དམིགས་བསལ་གྱི་ནཱ་ལེན་དྲའི་ཆོས་བརྒྱུད་ལ་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ལྷན་ཚོགས་ཐོག་འབུམ་རམས་པ་(Pooja Dabral)་ལགས་ཀྱིས་ནཱ་ལེན་དྲའི་རིང་ལུགས་ཀྱི་སྟོང་ཉིད་དང་སྙིང་རྗེའི་སྐོར་གཏམ་བཤད་གནང་ཡོད་པ་དང་། ཀེལ་ཤ་ལགས་ནས་ནཱལེན་དྲའི་ཆོས་བརྒྱུད་ཀྱི་ཚུལ་ཁྲིམས་སྐོར་གཏམ་བཤད་གནང་ཞིང་། སེར་སྨད་མཁན་པོ་བཀྲ་ཤིས་ཚེ་རིང་ལགས་ནས་ནཱལེན་དྲའི་ཤེས་རབ་བོད་དུ་བྱུང་འཕེལ་སྐོར་གཏམ་བཤད་དང་། དེ་བཞིན་དགེ་བཤེས་མ་སྐལ་བཟང་དབང་མོ་ལགས་ནས་དུས་རབས་ཉེར་གཅིག་པའི་ནང་ནཱལེན་དྲའི་ཤེས་རབ་ཀྱི་རིན་ཐང་སྐོར་གཏམ་བཤད་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎