རྒྱ་ནག་གཞུང་གིས་ཁེ་ཎ་ཌའི་༢༠༢༡ལོའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཐེ་བྱུས་བྱས་ཡོད་འདུག
དེ་ཡང་(Global and Mail)་ཞེས་པའི་གསར་ལས་ཁང་གིས་བཏོན་པའི་གནས་ཚུལ་ཞིག་ལུངས་འདྲེན་བྱས་པ་ལྟར་ན། ཁེ་ཎ་ཌའི་གསང་བའི་ཚན་པ་(CSIS)་ཞེས་དབུས་གསང་བའི་ལས་དོན་སྲུང་སྐྱོབ་ཚན་པས་སྙན་ཐོ་བཏོན་པའི་ནང་། ཕྱི་ལོ་༢༠༢༡ལོའི་ཁེ་ཎ་ཌའི་རྒྱལ་ཡོངས་འོས་བསྡུའི་སྐབས། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཞལ་འདེབས་བརྒྱུད་ནས་རོགས་རམ་བྱེད་པ་དང་། གནས་ཚུལ་ཁུངས་བདེན་མིན་པའི་དཀྲོག་གཏམ་སྤེལ་བ། དེ་བཞིན་ཁེ་ཎ་ཌའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཚོ་བརྒྱུད་པ་སོགས་བྱས་ནས་དངོས་ཤུགས་བརྒྱུད་གསུམ་ནས་ཁེ་ཎ་ཌའི་ནང་གཞུང་འཛིན་(Liberal Party)་འམ་གུ་ཡངས་ཚོགས་པ་སླར་ཡང་རྒྱལ་ཁ་ཐོབ་ཐབས་དང་། རྒྱ་ནག་ལ་སྡང་ཟུག་གམ་རྒྱ་ནག་གི་ཐོག་ལྟ་བ་མཁྲེགས་པོར་འཛིན་མཁན་ཆབ་སྲིད་(Conservative)་ཚོགས་པའི་འོས་མི་ཚོར་ཕམ་ཉེས་ཡོང་ཐབས་སུ་འབད་བརྩོན་བྱས་ནས་ཐེ་བྱུས་ཤུགས་ཆེ་བྱས་ཡོད་ལུགས་བཀོད་ཡོད་འདུག
ཡང་གོང་ཞུས་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཁེ་ཎ་ཌའི་ནང་ཆབ་སྲིད་ཀྱི་ཐོག་ཐེ་བྱུས་བྱས་པ་ཙམ་མ་ཡིན་པར་ཤེས་ཡོན་སློབ་གསོའི་ལས་དོན་སོགས་ཀྱི་ཐོག་ལའང་ཐེ་བྱུས་བྱེད་ཀྱི་ཡོད་ལུགས་བཀོད་འདུག
གུ་ཡངས་ཆབ་སྲིད་ཚོགས་པ་ནི། ད་ལྟའི་སྲིད་བློན་(Justin Trudeau)་ལགས་ཀྱིས་སྣེ་ཁྲིད་པའི་ཚོགས་པ་ཡིན་པ་དང་། ཁོང་ལ་ཕྱི་ལོ་༢༠༢༡ལོར་སླར་ཡང་རྒྱལ་ཁ་ཐོབ་ཡོད་པ་རེད།༔
ད་རེས་སྙན་ཐོ་དེའི་ཐད་སྲིད་བློན་མཆོག་གིས། རྒྱ་ནག་གཞུང་གིས་ཁེ་ཎ་ཌའི་མང་གཙོའི་ལས་དོན་འཐུས་ཤོར་གཏོང་ཐབས་སུ་ཐེ་བྱུས་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཡོད་ལ། དེ་ནི་འཛམ་གླིང་ཡུལ་གྲུ་ཚང་མའི་ནང་ལའང་ཡུན་རིང་ནས་བྱས་མྱོང་པའི་གནད་དོན་ཞིག་རེད་ཅེས་གསུངས་ནས་རྒྱལ་ཡོངས་འོས་བསྡུའི་སྐབས་ཐེ་བྱུས་བྱས་པ་དེས་ཤུགས་རྐྱེན་གང་ཡང་ཐེབས་མེད་ལུགས་གསུངས་ཡོད་འདུག འོན་ཀྱང་། དེ་སྔའི་གཞུང་ཞབས་ཟུར་པ་དང་ད་ལྟའི་ཨོ་ཊ་ཝའི་གཙུག་ལག་སློབ་གཉེར་ཁང་གི་ནང་ཕྱག་ལས་གནང་བཞིན་པའི་ལྕམ་(Margaret McCuiag-Johnston)་ཡིས། གཞུང་གི་ངོས་ནས་གསང་བའི་ལས་དོན་ཚན་པས་སྙན་ཐོ་བཏོན་པ་དེའི་ཐད་སེམས་ཚབས་མེད་ལུགས་གསུངས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཡོད་མེད་གནས་སྟངས་གཞན་གྱི་ཐོག་ནས་ཞིབ་འཇུག་བྱེད་དགོས་ཀྱི་རེད། དཔེར་ན། དཔྱ་ཁྲལ་ལས་ཁུངས་ནས་དངུལ་དངོས་ཀྱི་རོགས་རམ་ལེན་མཁན་བྱུང་ཡོད་མེད་ཞིབ་འཇུག་བྱེད་ཆོག་པ་རེད། གང་ལྟར་སྲིད་བློན་གྱི་ངོས་ནས་ཁེ་ཎ་ཌའི་མི་མང་ལ་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བཟོས་ནས་རྒྱ་ནག་ལའང་དེ་དང་ཕྱོགས་མཚུངས་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་ཀྱི་རེད་ཅེས་དགོངས་ཚུལ་གསུངས་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།