རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་འཕར་ཚད་དེ་བརྒྱ་ཆ་ལྔར་གཏན་འབེབས་བྱས་བ་ཉེ་བའི་ནང་དམའ་ཤོས་ཡིན་འདུག

དེ་ཡང་རོ་ཡེ་ཊར་གསར་ལས་ཁང་གིས་པེ་ཅིང་ནས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་སྲིད་བློན་གསར་པ་ལི་ཆང་(Li Qiang)་གིས་རེས་གཟའ་ཟླ་བའི་ཉིན་སྒེར་གཉེར་གྱི་ཁེ་ལས་ཁང་ལ་སེམས་གསོ་བྱས་ཏེ། ལས་རིགས་གསར་གཏོད་ཀྱི་ཁོར་ཡུག་ཇེ་བཟང་དུ་གཏོང་རྒྱུ་དང་། ཁེ་ལས་ཁང་ཚང་མར་འདྲ་མཉམ་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་ལུགས་བཤད་འདུག
རེས་གཟའ་སྤེན་པའི་ཉིན། ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཟུར་པ་ལི་ཆང་རྒྱ་ནག་གི་སྲིད་བློན་དུ་བསྐོ་བཞག་བྱས་ཤིང། ལི་ཆང་གི་མདུན་དུ་ལྷག་པ་ནི་ལོ་གསུམ་རིང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས་དོ་ཕོག་ཆེན་པོ་ཐེབས་པའི་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་རྒྱུ་དེ་ཡིན་པ་རེད།
ལི་ཆང་ནི་ཞི་ཅིན་ཕིན་ལ་ཐད་ཀར་སྐད་ཆ་བཤད་ཐུབ་པའི་མི་སྣ་ཞིག་ལ་ངོས་འཛིན་བྱས་ཡོད་པ་ལྟར། ཚེས་༡༣ཉིན་སྤེལ་བའི་རྒྱ་ནག་རྒྱལ་ཡོངས་མི་དམས་འཐུས་མི་ཚོགས་ཆེན་མཇུག་སྒྲིལ་རྗེས་ཀྱི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། ལོ་ན་༦༣ལ་སོན་པའི་ལི་ཆང་གིས་མི་སྒེར་གྱི་ཁེ་ལས་པ་རྣམས་དང་གྲོགས་པོ་སྒྲིག་འདོད་ཡོད་ལུགས་དང་། དེ་མིན་དཔལ་འབྱོར་འཕེལ་རྒྱས་ནི་ལས་གནས་གསར་གཏོད་བྱེད་རྒྱུའི་གཞི་རྩའི་ཐབས་ལམ་ཡིན་ཞེས་དང་། མི་སྒེར་གྱིས་གཉེར་བའི་ཁེ་ལས་ཁང་དང་། ཁེ་ལས་པ་ཚང་མར་སྔར་ལས་བཟང་བའི་ཁོར་ཡུག་ཅིག་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་ཡོད་ངེས་ཡིན་ལ། ང་ཚོས་ཁྲོམ་རར་འདྲ་མཉམ་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་མ་ཟད། མི་སྒེར་གྱིས་གཉེར་བའི་ཁེ་ལས་ལ་ང་ཚོས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བཤད་འདུག
ལོ་འཁོར་ཚོགས་ཆེན་སྐབས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་བརྒྱ་ཆ་ལྔར་གཏན་འབེབས་བྱས་ཡོད་པས། དེ་ནི་འདས་པའི་ལོ་ངོ་༣༠ནང་དམའ་ཤོས་དེ་ཆགས་ཡོད་ལ། ལོ་སྔོན་མའི་རྒྱ་ནག་གི་རྒྱལ་དམངས་ཐོན་སྐྱེད་རྩ་འབོར་གྱི་འཕེལ་ཚད་ནི་བརྒྱ་ཆ་གསུམ་ཡིན།
སྲིད་བློན་གསར་པ་ལི་ཆང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་འགྲུབ་རྒྱུ་ལས་སླ་བོ་ཞིག་ཁྱོན་ནས་མིན་ཞིང་། རྒྱ་ནག་དཀའ་ངལ་མང་པོ་ཞིག་ལ་ཐུག་ཡོད་ཅེས་བཤད་འདུག
སྲིད་བློན་གསར་པ་ལི་ཆང་གིས་གསར་འགོད་གསལ་བསྒྲགས་ཀྱི་དུས་ཡུན་དེ་ཆུ་ཚོད་གཅིག་དང་ཕྱེད་གོང་མཚམས་བཞག་འདུག ལི་ཆང་གི་སྔོན་གྱི་སྲིད་བློན་ལི་ཁི་ཆང་གིས་དུས་ཡུན་ཆུ་ཚོད་གཉིས་ལྷག་ལ་གསར་འགོད་གསར་བསྒྲགས་ཚོགས་ནས་གསར་འགོད་པའི་དྲི་བར་ལན་བཏབ་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།