ཁང་པ་རྡིབ་པའི་དོན་རྐྱེན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་འབྲེལ་ཡོད་ལས་བྱེད་དྲུག་ཅུ་ལྷག་ཁྲིམས་ལ་སྦྱོར་རྒྱུ་ཡིན་འདུག
དེ་ཡང་རོཡེ་ཊར་གསར་ཁང་གིས་པེ་ཅིན་ནས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། ཟླ་སྔོན་མའི་ནང་རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་ཁང་པ་ཞིག་རྡིབ་སྐྱོན་བྱུང་ནས་མི་གྲངས་༥༤ཡི་ཚེ་སྲོག་ཤོར་བའི་དོན་རྐྱེན་བྱུང་ཡོད་པ་དང་། དོན་རྐྱེན་དེ་ལ་བརྟེན་ནས་ད་ཆ་རྒྱ་ནག་གཞུང་གིས་འབྲེལ་ཡོད་ལས་བྱེད་༦༢ཉེས་ཁྲིམས་ལ་སྦྱོར་རྒྱུ་ཡིན་པ་མ་ཟད། ད་ལྟའི་ཁྲང་ཧྲ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཀྲིན་ཅན་ཞིན་གྱི་གཙོས་པའི་གྲོང་ཁྱེར་དེའི་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་ཚབས་ཆེའི་ཉེན་བརྡ་བཏང་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་གསལ་བར་གཞིགས་ན། དེ་སྔ་ཁྲང་ཧྲ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་གནས་འཁུར་མྱོང་བ། ད་ཆ་ཁྲོང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཧུའུ་ཧིན་ཧྭ་ཐེ་བའི་ཁྲང་ཧྲ་གྲོང་ཁྱེར་གྱི་དཔོན་རིགས་ཟུར་བ་ཁག་ཅིག་ལ་ཡང་ཉེན་བརྡ་བཏང་ཡོད་འདུག དེ་ནི་རྒྱ་གཞུང་གིས་ཁང་པ་རྡིབ་སྐྱོན་ཐད་ཞིབ་འཇུག་བྱས་པ་བརྒྱུད། ཁྲིམས་འགལ་སྒྲིག་འགལ་གྱིས་བརྒྱབ་པའི་ཁང་པ་དག་ལ་འབྲེལ་ཡོད་ཀྱིས་ལྟ་རྟོག་འཐུས་ཤོར་ཕྱིན་པའི་ཉེར་ལེན་གྱིས་རྡིབ་སྐྱོན་གྱི་དོན་རྐྱེན་བྱུང་ལུགས་ཤེས་རྟོགས་བྱུང་ཡོད་ཚུལ་དང་། ཕྱི་ཟླ་༤བའི་ཚེས་༢༩ཉིན་བྱུང་བའི་དོན་རྐྱེན་དེའི་ཁྲོད་མི་གྲངས་༥༤ལ་སྲོག་སྐྱོན་བྱུང་ཡོད་པའི་ནང་ནས་༤༤སློབ་མ་ཡིན་འདུག་ལ། གཞན་ད་དུང་མི་དགུ་ལ་རྨས་སྐྱོན་ཕོག་ཡོད་པ། རྒྱ་སྒོར་ས་ཡ་༡༣དང་ཁྲི་གཅིག་ཙམ་གྱི་དཔལ་འབྱོར་གྱི་གྱོང་གུད་ཕོག་ཡོད་པ་ཞིབ་འཇུག་སྙན་ཐོ་བཏོན་ཡོད་འདུག
ཡང་རྒྱ་ནག་གོང་ཏུང་ཞིང་ཆེན་ནང་ཡོད་པའི་དམག་མི་ཟུར་པ་ཞིག་གིས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་གྱི་ཐོག་ཕྱིའི་རྒྱལ་ཁབ་ཀྱི་གནས་ཚུལ་ཁྱབ་སྤེལ་བྱས་པའི་ཉེས་མིང་འོག་མི་ལོ་གསུམ་རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་འདུག།
གཞན་རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་(Tianhe)་རྫོང་ཁོངས་ཀྱི་མི་དམངས་ཁྲིམས་ཁང་གིས་རྒྱ་ནག་གི་དམག་མི་ཟུར་པ་(Wang Aizhong)་ཡིས། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་གྱི་གླེང་སྟེགས་ནང་དྲང་བདེན་མིན་པའི་ཕྱིའི་རྒྱལ་ཁབ་ཀྱི་གནས་ཚུལ་བཀོད་སྤེལ་བྱས་བར་བརྟེན་རྒྱ་ནག་ནང་གཡོ་འགུལ་ཐེབས་པའི་དཀའ་རྙོག་བཟོ་གི་ཡོད་པའི་ཉེས་མིང་འོག་ལོ་གསུམ་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།