རྒྱ་ནག་གི་མཁའ་དབྱིངས་བརྟག་དཔྱད་ཁང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་གཉིས་ཀྱི་ཚེ་སྲོག་ཤོར་འདུག

2021-10-25
Share
རྒྱ་ནག་གི་མཁའ་དབྱིངས་བརྟག་དཔྱད་ཁང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་གཉིས་ཀྱི་ཚེ་སྲོག་ཤོར་འདུག རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་གྱི་གཙུག་ལག་སློབ་གྲྭའི་ནང་ཡོད་པའི་མཁའ་དབྱིངས་བརྟག་དཔྱད་ཁང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ཡུལ། ༡༠།༢༤།༢༡
Weibo

རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་གྱི་གཙུག་ལག་སློབ་གྲྭའི་ནང་ཡོད་པའི་མཁའ་དབྱིངས་བརྟག་དཔྱད་ཁང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་གཉིས་ཀྱི་ཚེ་སྲོག་ཤོར་བ་དང་གཞན་མི་གྲངས་དགུ་ལ་རྨས་སྐྱོན་ཕོག་འདུག
དོན་རྐྱེན་དེ་ནི་རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་གྱི་གཙུག་ལག་སློབ་གཉེར་ཁང་ནང་ཡོད་པའི་དེང་དུས་ཡར་ཐོན་གྱི་འཕྲུལ་རིག་ལྡན་པའི་མཁའ་དབྱིངས་བརྟག་དཔྱད་ཁང་དེར་འདི་ཚེས་༢༤་རེས་གཟའ་ཉི་མའི་ཉིན་བྱུང་ཡོད་པ་དང་། རྒྱ་ནག་གི་ཝེ་པོ་(Weibo)་སྤྱི་ཚོགས་དྲ་ལམ་དུ། དོན་རྐྱེན་བྱུང་སའི་བརྟག་དཔྱད་ཁང་དེ་ནས་འབར་གས་ཀྱི་དུ་བ་ཐོན་བཞིན་པའི་བརྙན་པར་དང་། དོན་རྐྱེན་ཁྲོད་མི་ཞིག་འཚིག་ཡོད་པའི་པར་སོགས་མཐོང་རྒྱུ་ཡོད་པ་རེད་འདུག
རྒྱ་ནག་གི་བརྟག་དཔྱད་ཁང་གཙོ་བོ་དེར་ནུས་ཤུགས་འདོན་སྤེལ་དང་འབྲེལ་བའི་བརྟག་དཔྱད་ཁང་ཁག་ཅིག་ཡོད་པ་མ་ཟད། ཐད་འཕུར་གནམ་གྲུའི་བརྟག་དཔྱད་ཁང་ཡང་ཡོད་པ་དེ་དག་རྒྱ་ནག་གི་དྲག་པོའི་ལས་དོན་ཐོག་བེད་སྤྱོད་གཏོང་གི་ཡོད་པ་རེད་འདུག
ལྷོ་རྒྱ་ནག་གི་ཞོགས་པའི་ཕོ་ཉ་སོགས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་བརྟག་དཔྱད་ཁང་དེར་འབར་གས་ཀྱི་དོན་རྐྱེན་དེའི་བྱུང་རྐྱེན་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། མི་སྐྱོབ་ཀྱི་ལས་དོན་ཁག་མཚམས་འཇོག་བྱས་ཟིན་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༨་ལོར་པེ་ཅིང་གི་(Jialtong University)་ཞེས་པའི་གཙུག་ལག་སློབ་གཉེར་ཁང་དེར་འབར་གས་ཀྱི་དོན་རྐྱེན་བྱུང་ནས་སློབ་ཕྲུག་གསུམ་གྱི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཡང་ལོ་དེའི་ཕྱི་ཟླ་བཅུ་གཅིག་པའི་ནང་། རྒྱ་ནག་གི་(Zhang jiakou)་ཟེར་བའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་དེར་དོལ་བསྐྱེལ་སྣུམ་འཁོར་ནང་རྫས་འགྱུར་དབོར་འདྲེན་བྱེད་སྐབས་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་གྲངས་༢༣་ལ་སྲོག་སྐྱོན་དང་གཞན་མི་གྲངས་༢༢་ལ་རྨས་སྐྱོན་བྱུང་ཡོད་པ་རེད་འདུག རྒྱ་ནག་ནང་རྫས་འགྱུར་འབར་གས་ཀྱི་དོན་རྐྱེན་མང་པོ་བྱུང་རྐྱེན་ནི། སྲུང་བྱའི་ཁྲིམས་གཞི་ཁག་ལག་ལེན་དུ་མ་བསྟར་བའི་རྐྱེན་གྱིས་ཡོང་གི་ཡོད་པ་སོགས་གནས་ཚུལ་ནང་བཀོད་འདུག

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།