རྒྱ་ནག་ནང་ལས་ཤོར་མི་སྣའི་ངོ་རྒོལ་ལས་འགུལ་ཇེ་མང་དུ་འགྲོ་བ།

རྒྱ་ནག་ནང་ཉེ་བའི་ཆར་ལས་ཤོར་མི་སྣས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

༄༅༎རྒྱ་ནག་ནང་ཉེ་བའི་ཆར་ལས་ཤོར་མི་སྣས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ གཟའ་འཁོར་སྔོན་མ་ཕྱི་རྒྱལ་གྱི་མ་རྩ་བཙུགས་པའི་བཟོ་གྲ་ཞིག་གིས་བཟོ་ཚོང་ཁང་དེར་དཔལ་འབྱོར་གྱི་དཀའ་ངལ་ལ་བརྟེན་ནས་ བཟོ་གྲ་ཁག་ཅིག་སྒོ་རྒྱབ་པའི་རྐྱེན་གྱིས་ལས་མི་མང་པོ་ཞིག་ལས་ཀ་ཤོར་ཡོད་སྟབས་ ལས་ཤོར་མི་སྣ་ཚོས་ངོ་རྒོལ་གྱི་རྔམ་སྟོན་བྱས་ནས་ཟང་ཟིང་གི་དོན་རྐྱེན་ཆེན་པོ་ཆགས་ཡོད་པ་དང་ རྒྱ་ནག་གི་ས་ཁུལ་མང་པོའི་ནང་དཔལ་འབྱོར་གྱི་རྟེན་གཞི་མང་པོ་ཞིག ཕྱི་རྒྱལ་གྱི་མ་རྕ་བཙུགས་པའི་བཟོ་གྲ་དང་ཚོང་དོན་ཁང་ཡིན་སྟབས་ དེང་སྐབས་ཕྱི་རྒྱལ་གྱི་མ་རྩ་བཙུཌ་པའི་བཟོ་གྲ་དང་ཚོང་དོན་ཁང་ཁག་ཅིག་གིས་རྒྱ་ནག་ནས་མ་རྩ་ཕྱིར་འཐེན་བྱེད་བཞིན་པའི་གནས་སྟངས་དང་ དེ་བཞིན་ནུབ་ཕྱོགས་ཡུལ་གྲུ་དང་ཨ་རི་སོགས་ཀྱིས་རྒྱལ་ནང་གི་དཔལ་འབྱོར་གནས་སྟངས་ཀྱིས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱེད་ཡས་ཉུང་དུ་གཏོང་གི་ཡོད་པ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་དོན་ལ་ཡང་དོ་ཕོག་ཆེན་པོ་ཡོང་གི་ཡོད་པ་མ་ཟད་ ལྷག་དོན་ལས་ཤོར་མི་སྣའི་གྲངས་འབོར་ཇེ་མང་དུ་ཕྱིན་ནས་དེས་རྒྱ་ནག་གི་བརྟན་ལྷིང་ལ་ཡང་ཉེན་ཚབས་བཟོ་གཞི་ཞིག་ཆགས་བཞིན་ཡོད་པའི་སྐོར་རོས་ཁྲར་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག
དེ་དང་ཕྱོགས་མཚུངས་སེང་ག་ཕོའི་སྦྱིན་བདག་གིས་མ་རྩ་བཙུགས་པའི་རྒྱ་ནག་གི་ཤར་ཕྱོགས་ཡང་ཙེ་གཙང་པོའི་རྒྱུད་དུ་གནས་པའི་ བཟོ་ལས་ཁང་ཆེན་པོ་ཞིག་ཡོད་པ་དེའི་ནང་གཙོ་བོ་ཁ་པར་གྱི་ཡོ་ཆས་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་ བཟོ་ལས་ཁང་དེས་ཀྱང་ལས་ཀ་མང་པོ་ཞིག་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པར་བརྟེན་ བཟོ་གྲ་དེའི་ནང་ལས་ཀ་བྱེད་མཁན་གྱི་ལས་མི་མང་པོ་ཞིག་ལས་ཀ་ཤོར་རྒྱུ་ཡིན་པའི་ཚོད་རྩིས་བྱེད་བཞིན་ཡོད་ཅིང་ དེར་བརྟེན་དེང་སྐབས་རྒྱ་ནག་ནང་ལས་ཤོར་མི་སྣའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ཡང་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་ དེས་རྒྱ་ནག་གཞུང་ལ་ཉེན་ཚབས་ཤིག་ཡིན་པས་ གལ་སྲིད་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལས་ཤོར་མི་སྣའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནོན་ཤུགས་དེ་སེལ་ཐབས་བྱེད་མ་ཐུབ་ཚེ་ རྒྱ་ནག་ནང་ཞི་བདེ་བརྟན་ལྷིང་མེད་པའི་གནས་སྟངས་ཤིག་མགྱོགས་མྱུར་ཆགས་སྲིད་པ་རྒྱ་ནག་གི་ངལ་རྩོལ་བའི་ཐོབ་ཐང་ལ་ལྟ་རྟོགས་བྱེད་མཁན་གྱི་ཚོགས་པའི་འགན་འཛིན་ལིའི་ཇང་གིས་བརྗོད་འདུག