འཇར་མན་གྱི་དབུ་ཁྲིད་ཀྱིས་རྒྱ་ནག་གི་སྲིད་བློན་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་དགོས་བའི་ཚ་འདེད་བྱས་འདུག

2021-04-29
Share
འཇར་མན་གྱི་དབུ་ཁྲིད་ཀྱིས་རྒྱ་ནག་གི་སྲིད་བློན་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་དགོས་བའི་ཚ་འདེད་བྱས་འདུག འཇར་མན་གྱི་དབུ་ཁྲིད་ལྕམ་(Angela Merkel)ལགས་དང་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆིང་(Li Keqiang)་གཉིས་དྲྭ་ལམ་བརྒྱུད་མཇལ་མོལ་མོལ་ཐེངས་༦པ། ༤།༢༨།༢༡
Reuters

འཇར་མན་གྱི་དབུ་ཁྲིད་ལྕམ་(Angela Merkel)ལགས་ཀྱིས་རྒྱ་ནག་གི་སྲིད་བློན་ལ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གྲོས་མོལ་དགོས་བའི་ཚ་འདེད་བྱས་འདུག
དེ་ཡང་འདི་ཚེས་༢༨་གཟའ་ལྷག་པའི་ཉིན། འཇར་མན་གྱི་དབུ་ཁྲིད་ལྕམ་(Angela Merkel)ལགས་དང་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆིང་(Li Keqiang)་གཉིས་དྲྭ་ལམ་བརྒྱུད་མཇལ་མོལ་མོལ་ཐེངས་༦པ་དེ་གནང་ཡོད་པ་དང་། སྐབས་དེར་འཇར་མན་གྱི་སྲིད་བློན་ལྕམ་མར་ཀེལ་ལགས་ཀྱིས་རྒྱ་ནག་གི་སྲིད་བློན་ལ་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་གནད་དོན་ཁག་གི་སྐོར་བཀའ་མོལ་གནང་བའི་སྐབས་སུ། རིམ་པས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐེ་བའི་དཀའ་རྙོག་ཅན་གྱི་གནད་དོན་སོགས་ཀྱི་ཐོག་ལ་ཡང་ཞིབ་ཕྲའི་གྲོས་མོལ་གནང་འདུན་ཡོད་པའི་ཚ་འདེད་བྱས་ཡོད་འདུག
འཇར་མན་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཞུ་གཏུག་ལས་དོན་གྱི་འགན་འཛིན་སྐུ་ཞབས་(Kai Muller)ལགས་ཀྱིས། དེ་སྔ་འཇར་མན་དང་རྒྱ་ནག་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གི་སྐོར་བགྲོ་གླེང་གནང་སྐབས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་མྱོང་ཡོད། ཡིན་ན་ཡང་བློ་ཕམ་པ་ཞིག་ལ་ད་ཐེངས་དྲ་ལམ་གྱི་མཇལ་མོལ་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་དེ་གལ་གནད་ཆེ་བའི་གནད་དོན་གྱི་གྲས་སུ་བཞག་མེད་པ་དེའི་ཐད་འཇར་མན་ནང་དུ་ཡང་སྐྱོན་བརྗོད་བྱེད་མཁན་ཡོད་པ་འགྲེལ་བརྗོད་གནང་ཡོད།
དེའི་ཐད་འཇར་མན་དབུ་ཁྲིད་ཀྱི་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་དང་ང་ཚོའི་བར་བསམ་ཚུལ་ཁྱད་པར་ཆེན་པོ་ཡོད་པས། ང་ཚོའི་ངོས་ནས་གནད་དོན་དེ་དག་གི་སྐོར་ལ་དུས་དང་ནམ་པ་ཀུན་དུ་གསལ་པོ་བཤད་ཡོད་ལ། ང་ཚོའི་རེ་བ་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་བསྐྱར་དུ་གང་མགྱོགས་གྲོས་མོལ་གནང་ཐུབ་པའི་རེ་བ་བྱས་ཡོད་པ་གསུང་འདུག
རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱིས་དེའི་སྐོར་འགྲེལ་བརྗོད་གང་ཡང་བྱས་མེད་ཀྱང་། སྲིད་བློན་ལེ་ཡིས་རྒྱལ་ཁབ་གཉིས་ཀྱི་བར་ལ་གནད་དོན་འགའ་རེའི་ཐོག་བསམ་ཚུལ་མི་འདྲ་བ་ཡོད་མིན་ལ་མ་བལྟོས་བར། ཕྱོགས་གཉིས་ཀྱི་ངོས་ནས་སོ་སོར་ཁེ་ཕན་ཡོད་པའི་གནད་དོན་གཙོ་བོ་དང་ཕན་ཚུན་གུས་བརྩི་ཞུས་པའི་ཐོག་ནས། གཅིག་གིས་གཞན་དེའི་ནང་སྲིད་ལ་ཐེ་བྱུས་མ་བྱས་པར་འབྲེལ་བ་མཐུད་ནས་འགྲོ་དགོས་ངེས་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།