ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་གླང་མའི་རྩེར་འཁྱེར་རྒྱུ།
རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་ ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
-
2008-05-02 -
-
-
༄༅༎རྒྱ་ནག་གི་རི་འཛེགས་རུ་ཁག་གི་མགྲིན་ཚབ་པ་ ཀྲང་ཀྲི་ཅཱན་ གྱིས་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་སྐོར་ཇོ་མོ་གླང་མའི་གསར་འགོད་
ལྷན་ཚོགས་ལྟེ་གནས་སུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་གསལ་བསྒྲགས་བྱས་ཡོད་པའི་སྐོར་ཤིང་ཧྭ་གསར་ཤོག་ཐོག་
གནས་ཚུལ་བཀོད་ཡོད་པ་རེད།
དཔལ་འབར་ཇོ་མོ་གླང་མའི་རི་རྩེར་འཁྱེར་མཁན་གྱི་རི་འཛེགས་རུ་ཁག་མི་གྲངས་༥༠ཡོད་པ་དང་དེའི་ནང་དཔལ་འབར་འཁྱེར་མཁན་དང་
རྩེད་མོའི་འགོ་ཁྲིད། དཔོན་རིགས། ལས་བྱེད་པ་སོགས་ཡོད་པ་དང་། རྗེས་མའི་གསར་འགོད་ལྷན་ཚོགས་ཐོག་ལ་དཔལ་འབར་འཁྱེར་མཁན་གྱི་མི་སྣ་ག་ཚོད་ཡོད་མེད་ཀྱི་གྲངས་ཀ་ངེས་གཏན་གསལ་བསྒྲགས་
བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད། དཔལ་འབར་རི་རྩེར་འཁྱེར་མཁན་གྱི་རུ་ཁག་ནང་རི་འཛེགས་པ་དང་རྒྱབ་སྐྱོར་རུ་ཁག་སུ་ཡིན་རུང་དེའི་ནང་རྒྱ་མི་ཧའན་དང་བོད་མི་སོགས་
གྲངས་ཉུང་མི་རིགས་མཉམ་རུབ་ཀྱིས་སྤེལ་རྒྱུའི་བྱེད་སྒོ་ཞིག་ཡིན་ལུགས་དང། རི་འཛེགས་རུ་ཁག་དང་གནམ་གཤིས་སྔོན་བརྡ། དེ་བཞིན་སྡོད་གནས་ཞབས་ཞུ་ཁང། བརྙན་འཕྲིན་ཞབས་ཞུ་སོགས་ཚན་པ་སོ་སོར་གྲ་སྒྲིག་བྱས་ཡོད་པ་བཞིན་ཚང་མས་སོ་སོའི་ལས་འགན་འགྲུབ་རྒྱུ་ཡིན་པ་བཤད་ཡོད་པ་རེད། ད་དུང་ཁོང་གིས་རི་རྩེར་བསྐྱོད་པའི་བྱེད་སྒོ་དེར་པེ་ཅིང་ཨོ་ལིམ་ཕིག་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་སྐོར་བསྐྱོད་བྱེད་མཁན་ཞེས་དང་
རི་འཛེགས་རུ་ཁག་དེར་རྒྱ་ནག་གི་རི་འཛེགས་རུ་ཁག་ཅེས་པའི་གཞུང་འབྲེལ་མིང་གསལ་བསྒྲགས་བྱས་ཡོད་པ་དང། དཔལ་འབར་དེ་བཞིན་ཧོང་ཀོང་ནས་རྒྱ་ནག་སྐམ་ས་ཆེན་པོར་འབྱོར་ཏེ་ཟླ་བ་འདིའི་ནང་བོད་ཀྱི་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་
འཆར་གཞི་ཡོད་པ་རེད།