རྒྱ་ནག་གཞུང་གིས་ཡང་བསྐྱར་ཨ་རུའུ་ན་ཅལ་མངའ་སྡེའི་ས་ཁུལ་གཞན་སུམ་ཅུར་ས་མིང་བཏགས་ནས་བོད་ས་དབང་བསྒྱུར་རྒྱ་བསྐྱེད་བཏང་འདུག

0:00 / 0:00

0:00 / 0:00

ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་ཕྱོགས་ཞེས་རྒྱ་གར་གྱི་བྱང་ཤར་ཨ་རུའུ་ན་ཅལ་མངའ་སྡེ་ཁོང་ཚོ་ལ་བདག་དབང་ཡོད་པ་ཁྱབ་བསྒྲགས་བྱས་པ་མ་ཟད། དེའི་མངའ་ཁོངས་ཀྱི་ས་ཁུལ་གཞན་སུམ་ཅུའི་ས་མིང་རྒྱ་ནག་རང་ཉིད་ཀྱི་ས་མིང་བཏགས་ནས་ཁྱབ་བསྒྲགས་བྱས་འདུག
ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན་ རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ནང་། རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་བོད་ཀྱི་ལྷོ་ཕྱོགས་ཀྱི་ཚད་ལྡན་ཅན་གྱི་ས་ཆའི་མིང་ཐོ་ཁག་བཞི་ཁྱབ་བསྒྲགས་བྱས་པར་མ་ཟད། སྤྱི་བསྒྲགས་དེ་ནི་བོད་ཀྱི་ལྷོ་ཕྱོགས་སྟེ་ལྷོ་པ་ས་ཁུལ་གྱི་ས་གནས་གཞན་༣༠ལ་དམིགས་ནས་བཀོལ་སྤྱོད་བྱེད་པའི་ས་མིང་ཡིན་ཞེས་གསལ་བསྒྲགས་བྱས་འདུག
ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་གསར་ཤོག་ནང་ཕྱི་ཚེས་༣༡ཉིན་གནས་ཚུལ་སྤེལ་བར་གཞིགས་ན། གསར་དུ་བཏོན་པའི་ས་ཁུལ་གྱི་མིང་ཐོའི་ནང་སྡོད་དམངས་ཁུལ་༡༡དང་། རི་བོ་༡༢ ཆུ་བོ་༤ མཚེའུ་༡ རིའི་ཉག་ཁ་༡ ས་ཆ་ཞིག་བཅས་ཚང་མ་རྒྱ་ཡིག་དང་བོད་ཡིག་(pinyin, Roman)་ནང་གསལ་བཤད་དང་བཅས་ཀྱི་པར་གཞི་ཡོངས་བསྒྲགས་བྱས་འདུག
ཕྱི་ཟླ་གསུམ་པའི་ཚེས་༡༥ཉིན་རྒྱ་ནག་གི་རིག་གནས་ལས་ཁུངས་ཀྱིས་༼ས་མིང་དོ་དམ་ལག་བསྟར་བྱེད་ཐབས་ཀྱི་ཁྲིམས་༽ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ས་མིང་དང་ཕྱི་རྒྱལ་གྱི་ས་མིང་བཅས་རྒྱ་ཡིག་ཏུ་བསྒྱུར་དགོས་པའི་བླང་བྱ་ཞིབ་ཕྲ་གཏན་འབེབས་བྱས་འདུག
རྒྱ་ནག་གཞུང་གིས་ཉེ་སྔོན་ནས་བོད་ལ་དབྱིན་ཡིག་ཏུ་(Tibet)་ཞེས་བཀོལ་བཞིན་པ་དེ་(Xizang)་ཞེས་བེད་སྤྱོད་གཏོང་བཞིན་ཡོད་པ་ལྟར། ཨ་རུའུ་ན་ཅལ་མངའ་སྡེ་ལ་བོད་ཀྱི་ལྷོ་ཕྱོགས་སམ་ལྷོ་པ་ཞེས་འབོད་དགོས་པ་རྒྱ་ནག་གིས་བརྗོད་འདུག

renaming the locations in Arunachal Pradesh TIB final.PNG
རྒྱ་ནག་གཞུང་གིས་ཡང་བསྐྱར་ཨ་རུའུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ཅིག་ལ་ས་མིང་བཏགས་ནས་བོད་ས་དབང་བསྒྱུར་རྒྱ་བསྐྱེད་བཏང་བའི་ས་གནས་ཁག -པར་རིས་སྒྲིག་བཟོ། ནོར་སྒྲོན།


གསར་འགོད་པ། རྡོ་རྗེ་མཚོ། བསྟན་འཛིན་པདྨ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།