རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་སྟེ་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་གཉིས་ནས་ཧོང་ཀོང་གི་བརྟན་ལྷིང་མེད་པ་བཟོ་རྒྱུའི་ཆབ་སྲིད་བཙོག་པ་དེ་རྩེ་རྒྱུ་མཚམས་འཇོག་དགོས་ལུགས་བརྗོད་ཡོད་པ།

2021-06-05
Share
རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་སྟེ་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་གཉིས་ནས་ཧོང་ཀོང་གི་བརྟན་ལྷིང་མེད་པ་བཟོ་རྒྱུའི་ཆབ་སྲིད་བཙོག་པ་དེ་རྩེ་རྒྱུ་མཚམས་འཇོག་དགོས་ལུགས་བརྗོད་ཡོད་པ། ཧོང་ཀོང་ནང་ཡོད་པའི་ཨ་མི་རི་ཀ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་གཉིས་ཀྱིས་ལས་ཁུངས་ཀྱི་སྒེའུ་ཁུང་བདུན་མར་མེ་སྤར་ཏེ་དྲུག་བཞིའི་ཉིན་མོར་མྱ་ངན་རྗེས་དྲན་ཞུས།
ཨེ་ཨེཕ་པི།

རྒྱ་ནག་གཞུང་གིས་དམ་དྲག་བྱེད་མིན་ལ་མ་བལྟོས་པར། གཟའ་པ་སངས་ཉིན་ཧོང་ཀོང་ནང་ཡོད་པའི་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཡན་ལག་གཞུང་ཚབ་ལས་ཁུངས་གཉིས་ཀྱི་ལས་ཁུངས་ཀྱི་སྒེའུ་ཁུངས་ཁག་གི་མདུན་མར་མེ་སྤར་ཏེ་དྲུག་བཞིའི་ཉིན་མོར་མྱ་ངན་རྗེས་དྲན་ཞུས་པའི་རྣམ་འགྱུར་མངོན་གསལ་དོད་པས་སྟོན་པར་། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་སྟེ་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་གཉིས་ནས་ཧོང་ཀོང་གི་བརྟན་ལྷིང་མེད་པ་བཟོ་རྒྱུའི་ཆབ་སྲིད་བཙོག་པ་དེ་རྩེ་རྒྱུ་མཚམས་འཇོག་དགོས་ལུགས་བརྗོད་འདུག
སྤྱིར་བཏང་རྒྱ་ནག་སྐམ་ས་ཆེན་པོའི་ནང་ལོ་ངོ་ ༣༢ གོང་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་སློབ་ཕྲུག་གིས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་ཁྲག་དྲི་དྲོ་བའི་དྲག་གནོན་གྱི་ལས་འགུལ་སྤེལ་བའི་དུས་དྲན་སྲུང་བརྩི་ཞུ་འཇུག་གི་མེད་ན་ཡང་། ཧོང་ཀོང་ནང་ལོ་ལྟར་དུས་དྲན་དེ་སྲུང་བརྩི་ཞུ་གི་ཡོད་པ་རེད། འོན་ཀྱང་སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། ཧོང་ཀོང་ནང་གི་མང་གཙོའི་ཐོབ་ཐང་མང་པོ་ཞིག་མེད་པ་བཟོས་ཟིན་པ་དང་། གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩི་མི་ཆོག་པའི་དམ་དྲག་བྱས་ཡོད་པ་རེད། འོན་ཀྱང་མང་ཚོགས་ཁྱོན་ཆེ་ཞིག་འདུ་འཛོམས་ཀྱིས་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་ལ། ལྷག་པར་དུ་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ངོས་ནས་རང་རང་སོ་སོའི་ཡན་ལག་གཞུང་ཚབ་ལས་ཁུངས་ཀྱི་སྒེའུ་ཁུངས་མདུན་མར་མེ་འབོར་ཆེ་སྤར་ནས་དུས་དྲན་དེ་སྲུང་བརྩི་ཞུས་པའི་རྣམ་འགྱུར་མངོན་གསལ་དོད་པོས་བསྟན་ཡོད་པ་རེད།
ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་སོ་སོའི་ཡན་ལག་གཞུང་ཚབ་ལས་ཁུངས་ནི་རྒྱ་ནག་གཞུང་གིས་བསྐོས་པའི་ཧོང་ཀོང་གི་སྤྱི་ཁྱབ་པ་ ཀེ་རི་ལེམ་ཡི་བཞུགས་ཁང་དང་ཉེ་འཁྲིས་སུ་ཡོད་པ་རེད།
ཧོང་ཀོང་ནང་ཡོད་པའི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་མིང་ཐོག་ནས་ཨ་མི་རི་ཀ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་གཉིས་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་། ཧོང་ཀོང་གི་གནད་དོན་བེད་སྤྱོད་ཀྱིས་རྒྱ་ནག་སྐམ་སའི་ནང་སིམ་འཛུལ་དང་གནོད་སྐྱོན་གཏོང་གཞིའི་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་དེ་ནི། ས་ཐིག་དམར་པོ་དང་བརྒལ་བ་ཞིག་ཡིན་པས། དེར་ང་ཚོས་དུས་ནམ་ཡང་བཟོད་སྲན་བྱེད་རྒྱུ་མིན་པ་བརྗོད་ཡོད་པ་རེད། དེ་བཞིན་སྐྱོན་བརྗོད་དེའི་ནང་། ང་ཚོས་འབྲེལ་ཡོད་ཡུལ་གྲུ་ཚོས་ཧོང་ཀོང་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོགས་དང་ཆབ་སྲིད་བཙོག་པ་རྩེ་རྒྱུ་མཚམས་འཇོག་དགོས་ལུགས་བརྗོད་འདུག

 

 

 

 

 

 

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།