ཡུ་གུར་གྱི་བུད་མེད་སྨན་པ་Gulshan Abbasབཙོན་འཇུག་བྱས་ཡོད་པ།

རྒྱ་ནག་གཞུང་གིས་ཡུ་གུར་གྱི་བུད་མེད་སྨན་པ་ཞིག་ལ་འཇིགས་སྐུལ་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པའི་ངོས་ལེན་བྱས་ཡོད་འདུག དེ་ཡང་་སྤྱི་ཟླ་༡༢པའི་ཚེས་༣༡ཉིན་ AFPགསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུ་གུར་གྱི་ཁ་ཆེ་ཡིན་པའི་བུད་མེད་སྨན་པ་ཞིག་རྒྱ་ནག་པེ་ཅིན་གཞུང་གིས་འཇིགས་སྐུལ་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པའི་སྐོར་གཟའ་ཕུར་བུའི་ཉིན་རྒྱ་གཞུང་གིས་ངོས་ལེན་བྱས་ཡོད་པ་དང་། དེ་ནི་ཁོ་མོས་ནང་མི་ཞིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ལ་བུད་མེད་སྨན་པ་དེར་རྒྱ་གཞུང་གིས་ལོ་༢༠ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་པའི་ཉིན་གཅིག་གི་རྗེས་སུ་ཡིན་པའི་གནས་ཚུལ་སྤེལ་འདུག ཡུ་གུར་གྱི་བུད་མེད་སྨན་པ་Gulshan Abbasཟེར་བ་ལོ་གཉིས་ཀྱི་གོང་དུ་གར་སོང་མེད་པར་གྱུར་ནས་བཀག་ཉར་འོག་གནས་ཡོད་ཀྱང་ཁོ་མོས་སྤུན་སྲིང་ཞིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ལ་གཟའ་ལྷག་པའི་ཉིན་ལོ་༥༨ཡིན་པའི་བུད་མེད་དེར་ལོ་༢༠འི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་དགོས་དོན་ནི། ཁོང་གིས་ཡུ་གུར་མི་མང་གི་བདེ་དོན་གྱི་ཆེད་དུ་ལས་དོན་བསྒྲུབས་པའི་རྐྱེན་གྱིས་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག རྒྱ་ནག་གི་འབོད་པའི་ཤིང་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་ས་ཡ་གཅིག་ཙམ་དང་། གཞན་ཏར་ཀི་ཡི་མི་རིགས་ཡིན་པའི་གྲངས་ཉུང་མི་རིགས་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་ངལ་རྩོལ་བཀོལ་སྤྱོད་ཀྱིས་བཀག་ཉར་ཁང་ནང་བཙོན་པ་ལྟ་བུའི་མནར་གཅོད་བཏང་བ་དང་། དོ་དམ་བཀག་ཉར་འོག་གནས་ཡོད་པ་སྐོར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་རྣམས་ལ་ལས་ཀའི་སྦྱོང་བརྡར་སྤྲོད་བཞིན་ཡོད་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད་འདུག ལས་ཡོལ་ཟིན་པའི་ཡུ་གུར་བ་སྨན་པ་Abbas ནི་རྒྱ་སྐད་བདེ་པོ་ཡོད་པ་དང། ཁོ་མོ་སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༩པའི་ནང་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱས་ཡོད་པ་དེང་སྐབས་ཨ་རིའི་ནང་གནས་སྡོད་ཁོ་མོའི་སྲིང་མོ་ Rushan Abbasཟེར་བས་ན་ནིང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ལ་བདེན་དཔང་གི་ཚིག་ཐོ་དང་བཅས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རི་དང་ཡོ་རོབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ནུབ་ཕྱོགས་པའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་ཡུ་གུར་གྱི་ཁ་ཆེའི་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཀག་ཉར་བྱེད་བཞིན་ཡིན་པ་དེ་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་དང། དོ་དམ་བཀག་ཉར་འོག་བཅུག་པའི་བཙོན་པ་རྣམས་ལ་ས་ཁུལ་དེ་ནས་ཐོན་པའི་སྲིན་བལ་གྱི་ཐོན་སྐྱེད་ངལ་རྩོལ་ལ་བཀོལ་ནས་རས་ཀྱི་གྱོན་ཆས་བཟོ་རུ་བཅུག་ནས་ནུབ་ཕྱོགས་པའི་ཁྲོམ་རའི་ནང་གཏོང་གི་ཡོད་པ་རེད་འདུག།