རྒྱ་ནག་ཏུ་ཁྲིམས་འགལ་ཉེས་ཅན་པར་ཁྲིམས་ཐག་བཅད་སྐོར།

ཕྱི་ལོ་ཉིས་སྟོང་དྲུག་ནས་བཟུང་རྒྱ་ནག་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཉེས་ཅན་པ་ཆིག་ཁྲི་གསུམ་སྟོང་ཙམ་ལ་ཁྲིམས་ཐག་བཅད་པ།

2009-09-01
Share

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གི་ཤིན་ཧ་གསར་འགྱུར་ཐོག་ལ་ཕྱི་ལོ་ཉིས་སྟོང་དྲུག་ནས་བཟུང་ད་བར་རྒྱ་ནག་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཉེས་ཅན་པ་ཆིག་ཁྲི་གསུམ་སྟོང་ཙམ་ལ་ཁྲིམས་ཐག་བཅད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་སྤྱི་དམངས་བདེ་འཇགས་ལྷན་ཁང་གི་ཉེས་ཅན་པའི་ཞིབ་འཇུག་ལས་ཁང་གི་འགན་འཛིན་གཞོན་པ་ལའོ་ཅིན་རོང་གིས་བཤད་པ་ཤིན་ཧ་གསར་ཤོག་ཐོག་ལུང་འདྲེན་བྱས་པའི་ནང་རྒྱ་ནག་གཞུང་གིས་ཉེས་ཅན་གྱི་བྱ་སྤྱོད་ཐོག་ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་བའི་ལས་འགུལ་སྤེལ་བ་བཞིན་ཕྱི་ལོ་ཉིས་སྟོང་དྲུག་འགོ་བཙུགས་པ་ནས་འདི་ལོའི་ཕྱི་ཟླ་བདུན་པ་བར་ཏུ་འདས་ཟིན་པའི་མི་ལོ་གསུམ་ལྷག་དེའི་རིང་ལ་ཉེས་ཅན་པ་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་དགུ་བཅུ་གོ་དྲུག་ལ་ནག་ཉེས་ཐག་གཅོད་བྱས་པའི་སྐོར་དང་ད་དུང་ཉེས་ཅན་པར་རྡུང་རྡེག་གཏོང་བའི་ལས་འགུལ་དེའི་རིང་ལ་རྒྱ་ནག་ཉེན་རྟོག་པས་ཉེས་ཅན་གྱི་བྱ་སྤྱོད་སྤེལ་མཁན་སྒྲིག་འཛུགས་བྱས་པའི་དོགས་གཞི་ཅན་གྱི་མི་གྲངས་བརྒྱད་ཁྲི་དགུ་སྟོང་ལྷག་འཛིན་བཟུང་བྱས་ཡོད་པ་དང་ཉེས་ཅན་པའི་གྱོད་གཞི་ཆིག་སྟོང་གསུམ་བརྒྱ་ཙམ་ལ་ཞིབ་འཇུག་བྱས་པ།ཉེས་ཅན་པའི་སྒྲིག་འཛུགས་བཞི་བརྒྱ་ལྷག་ནི་འཛུགས་སྐྲུན་གྱི་ལས་གཞི་དང་གཏེར་ཁ་སྔོག་འདོན།འགྲིམས་འགྲུལ།ཅ་དངོས་སྡེབས་ཚོང་གི་ལས་དོན་ནང་ཉེས་ཅན་གྱི་བྱ་སྤྱོད་བསག་པ་ཤ་སྟག་ཡིན་པའི་བསྡོམས་རྩིས་བཏོན་ཡོད་པ་རེད།

དེ་སྔ་ཕྱི་ལོ་༡༩༤༩ལོར་རྒྱ་ནག་གུང་ཁྲན་ཏང་གིས་དབང་བསྒྱུར་མ་བྱས་གོང་ལ་ཉེས་ཅན་པའི་བྱ་སྤྱོད་དེ་ལྟ་བུ་ཧ་ཅང་གི་ཁྱབ་གདལ་ཆེ་བ་ཞིག་ཡིན་པ་དང་རྒྱ་ནག་ནང་དཔལ་འབྱོར་གྱི་སྒོ་མོ་མ་འབྱེད་བར་ཏུ་ཉེས་པ་ཅན་གྱི་བྱ་སྤྱོད་སྤེལ་མཁན་དོན་དམ་གྱིས་མེད་པར་གྱུར་ཡོད་ཅིང་ཡིན་ནའང་ཕྱི་ལོ་༡༩༧༠དོན་གྲངས་ཙམ་ནས་རྒྱ་ནག་གུང་ཁྲན་ཏང་གིས་དཔལ་འབྱོར་ཡར་རྒྱས་ཀྱི་སྒོ་མོ་ཕྱེ་པ་ནས་བཟུང་ཉེས་ཅན་གྱི་བྱ་སྤྱོད་དེ་ལྟར་སླར་ཡང་རྒྱ་ནག་གི་སྤྱི་ཚོགས་ནང་འགོ་བཙུགས་ཏེ་དཔལ་འབྱོར་གྱི་བྱ་གཞག་ཐོག་གཞུང་གིས་བཏང་འཛིན་མ་ཐུབ་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་མང་ཆེ་བ་ཁྲིམས་འགལ་ཅན་གྱི་ཚོང་ལས་སྡེ་ཚན་ཁག་ཏུ་སྤྲོད་པ་སོགས་ཉེས་ཅན་གྱི་བྱ་སྤྱོད་མང་དུ་འགྲོ་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།