བོད་ཁུལ་དུ་ཕྱི་རྒྱལ་གསར་འགོད་པ་ཁག་བསྐྱོད་རྒྱུར་བཀག་སྡོམ།

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པ་ཁག་བོད་ཀྱི་མངའ་ཁུལ་ཁག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པ་ཁག་བོད་ཀྱི་མངའ་ཁུལ་ཁག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད།

དེ་ཡང་ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་དང་དཔར་རྒྱབ་མཁན་ཁག་ཅིག་དེ་རིང་རེས་གཟའ་ལྷག་པའི་ཉིན་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རེབ་ཀོང་མངའ་ཁུལ་ཁག་ཏུ་བལྟ་སྐོར་དུ་བསྐྱོད་སྐབས་གོང་ཞུས་གསར་འགོད་པ་རྣམས་གཞུང་འབྲེལ་གྱི་ཐོག་ནས་ས་ཁུལ་དེ་ཚོའི་ནང་བསྐྱོད་ཆོག་པའི་ཆོག་མཆན་ཐོབ་མིན་ལ་མ་ལྟོས་པར་ལམ་བར་ནས་ས་གནས་ཉེན་རྟོག་དམག་མིས་བཀག་སྡོམ་བྱས་ཡོད་པ་རེད་ཅེས་ཞིན་ནིང་ནས་ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག

སྐབས་དེར་ས་གནས་ཉེན་རྟོག་དམག་མི་རུལ་མིང་ཧན་ཟེར་བ་ཞིག་གིས་གོང་ཞུས་གསར་འགོད་པ་ཁག་ས་ཁུལ་དེའི་ནང་བསྐྱོད་རྒྱུར་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་ནི་དེ་ཁུལ་དུ་གངས་འབབས་ནས་འགྲོ་ལམ་བདེ་པོ་མེད་པ་སོགས་གསར་འགོད་པའི་བདེ་འཇགས་ཀྱི་ཆེད་དུ་ཡིན་ལུགས་བརྗོད་པ་མ་ཟད་རེབ་ཀོང་དེ་བཞིན་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་གཟིགས་སྐོར་དུ་བསྐྱོད་རྒྱུར་སྒོ་མོ་ཕྱེ་ཡོད་ལུགས་སོགས་ཀྱི་རྒྱུ་ མཚན་འགྲེལ་བརྗོད་བྱས་ཡོད་པ་རེད། ཨེ་ཨེཕ་པི་གསར་འགོད་པ་བོད་ཨ་མདོ་མངའ་ཁུལ་ཁག་ཏུ་བསྐྱོད་རྒྱུ་བཀག་སྡོམ་བྱས་པ་ད་རེས་ཐེངས་གཉིས་པ་ཡིན་པ་དང་དེའི་རྒྱུ་མཚན་ནི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་སྐབས་དེ་ཁུལ་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཡིན་ན་གོང་ཞུས་གསར་འགོད་པ་ཁག་གིས་རྒྱལ་སྤྱིའི་ཐོག་གནས་ཚུལ་སྤེལ་ཉེན་ཆེ་བར་བརྟེན་བཀག་སྡོམ་བྱས་པ་ཞིག་ཡིན་ལུགས་གནས་ཚུལ་ནང་བཀོད་འདུག