རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ལ་མཉམ་ཞུགས་བྱས་མི་འདུག

2023.05.24
རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ལ་མཉམ་ཞུགས་བྱས་མི་འདུག འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)་ལྷན་ཚོགས་ཚོགས་ཡུལ། ༠༥།༢༢།༢༠༢༣
AFP

དེ་ཡང་ཨ་མི་རི་ཀའི་(CNN)་སོགས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན། འདི་ཟླའི་ཚེས་༢༣ཉིན་ནས་བཟུང་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཕྱོགས་ཇ་མུ་དང་ཀ་ཤེ་མུར་(Jammu and Kashmir)་མངའ་སྡེའི་རྒྱལ་ས་ཤེ་རི་ན་སྒར་(Srinagar)་རུ་རྒྱ་གར་གཞུང་གིས་མགྲོན་བདག་གོ་སྒྲིག་འོག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)་དབུ་ཁྲིད་རྣམས་པའི་ལྷན་ཚོགས་ཚོགས་བཞིན་པར། རྒྱ་ནག་མཉམ་ཞུགས་མ་བྱས་པའི་ཁར། དེའི་སྔོན་གཟའ་པ་སངས་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཝང་ཝུན་པེན་(Wang Wenbin)་གྱིས་རྒྱ་ནག་རྩོད་རྙོག་ཡོད་པའི་རང་སྐྱོང་ས་ཁུལ་ཁག་ཏུ་འཚོགས་རྒྱུའི་ཚོགས་འདུ་གང་ལ་ཡང་མཉམ་ཞུགས་བྱེད་ཀྱི་མེད་ཅེས་བརྗོད་འདུག གཞན་(Saudi Arabia)་དང་། ཨེ་ཇབ་(Egypt) ཏུར་ཀེ་(Turkey)་བཅས་ཀྱང་མཉམ་ཞུགས་བྱས་མི་འདུག
རྒྱ་གར་གཞུང་གིས་གོང་ཞུས་མངའ་སྡེའི་ནང་སྟོབས་ཆེན་རྒྱལ་ཁབ་༢༠དབུ་ཁྲིད་རྣམས་ཀྱི་ཚོགས་ཆེན་གོ་སྒྲིག་ཞུས་ནས། ས་གནས་དེའི་རིག་གཞུང་ཁག་ངོམ་སྟོན་གནང་བ་དང་། ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་ཁྲོམ་རའི་གོ་སྐབས་འཚོལ་ཐབས་བྱེད་བཞིན་ཡོད་པ་དང་། ཚོགས་ཆེན་དེ་ནི་ཕྱི་ལོ་༢༠༢༠ལོར་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་ལ་དྭགས་ས་མཚམས་ཁུལ་དུ་གདོང་ཐུག་བྱུང་ནས་རྒྱ་གར་གྱི་དམག་མི་༢༠ཙམ་རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་རྗེས་སུ། རྒྱ་གར་གྱིས་རྒྱལ་སྤྱིའི་ཚོགས་ཆེན་དེ་རིགས་མངའ་ཁུལ་དེར་གོ་སྒྲིག་ཞུས་པ་ཐེངས་དང་པོ་ཡིན་པ་དང་། དཀའ་རྙོག་དེ་སེལ་ཐབས་སྐོར་ཡུལ་གྲུ་གཉིས་བར་གྲོས་མོལ་རིམ་པ་མང་པོ་གནང་ཡང་། ད་ལྟ་དེ་མུར་ལྷག་ཡོད་པ་རེད། དེ་སྔ་ཕྱི་ལོ་༡༩༦༢ལོར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཁུལ་དུ་དམག་འཁྲུག་ཐེངས་དང་པོ་དེ་བྱུང་ནས་ལོ་༦༠་ལྷག་ཕྱིན་ཡོད་རུང་། ད་དུང་ཡང་ས་མཚམས་ཀྱི་དཀའ་རྙོག་སེལ་མ་ཐུབ་པར་གདོང་ཐུག་རིམ་པ་བྱུང་བཞིན་ཡོད་པ་རེད།
རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་སྤྱི་ཟུར་པ་(Major Amit Bansal)་ལགས་ཀྱིས། བོད་ཀྱི་གནད་དོན་གླེང་སློང་མ་བྱས་པར་ས་མཚམས་ཀྱི་དཀའ་ངལ་སེལ་རྒྱུ་ཧ་ཅང་ཁག་པོ་རེད། དངོས་ཡོད་གནས་ཚུལ་དང་ཁ་ཡོད་ལག་ཡོད་གཉིས་གང་གི་ཐོག་ནས་བལྟས་ཀྱང་། རྒྱ་གར་དང་རྒྱ་ནག་གི་རྩོད་རྙོག་སེལ་བར་བོད་ཀྱི་གནད་དོན་གླེང་སློང་མ་བྱས་པར་ཡོང་ཐབས་མེད་པ་དེ་སྔ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎