བོད་དང་བལ་ཡུལ་བར་གྱི་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག

2016-12-26
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དང་བལ་ཡུལ་ས་འབྲེལ་ས་ཁྲ།
བོད་དང་བལ་ཡུལ་ས་འབྲེལ་ས་ཁྲ།
Photo: RFA

བོད་ནང་གི་བོད་མི་ཚོ་དུས་འཁོར་དབང་ཆེན་ཞུ་བར་ཕེབས་མི་ཐུབ་ཆེད་རྒྱ་ནག་གིས་བོད་དང་བལ་ཡུལ་བར་གྱི་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག
རིང་མིན་༧གོང་ས་མཆོག་གིས་རྒྱ་གར་རྡོ་རྗེ་གདན་ནས་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་པར་བོད་ནས་ཕེབས་མཁན་ཚོ་བཀག་སྡོམ་བྱེད་ཆེད་དུ་རྒྱ་ནག་གཞུང་གིས་གནས་སྐབས་རིང་བོད་དང་བལ་ཡུལ་བར་གྱི་འགྲིམ་འགྲུལ་བཀག་སྡོམ་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་འདུག
དེ་ཡང་བལ་ཡུལ་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲིམ་འགྲུལ་ལས་དོན་ཚན་པ་དང་མཁའ་འགྲུལ་ལས་ཁང་བཅས་ལ་སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༡་པའི་ཚེས་༡༠་བར་བལ་ཡུལ་དུ་འགྲིམ་འགྲུལ་བྱེད་རྒྱུའི་འཆར་གཞི་དང་། དེ་བཞིན་གནམ་གྲུའི་འཛིན་བྱང་སྔོན་ནས་མངགས་པ་ཚང་མ་འཕྲལ་དུ་ཕྱིར་འཐེན་བྱེད་བཅུག་དགོས་པའི་བརྡ་ཁྱབ་ཅིག་བཏང་ཡོད་ཅིང་། བལ་ཡུལ་གྱི་དཔོན་རིགས་མི་སྣ་ཞིག་གིས་རྒྱ་གཞུང་གི་ཐག་གཅོད་དེ་ནི་གཙོ་བོ་༧གོང་ས་མཆོག་གི་སྤྱི་ཟླ་༡་པོའི་ཚེས་༢་ནས་༡༤་རྒྱ་གར་རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ཞུ་བར་འགྲོ་མཁན་ཚོ་བཀག་འགོག་བྱེད་རྒྱུ་ཁོ་ནའི་ཆེད་བཟོས་པ་ཤིག་ལས་གཞན་གནད་དོན་གང་ཡང་མིན་སྟབས། བལ་ཡུལ་ནང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་སྤྱི་ཟླ་༡་པོའི་ཟླ་དཀྱིལ་ནས་མུ་མཐུད་སླར་གསོ་ཡོང་རྒྱུ་ཡིན་པའི་རེ་བ་བྱེད་བཞིན་ཡོད་པར་གསུངས་འདུག
རྒྱ་ནང་གི་ཟི་ཁྲོན་དང་། མཚོ་སྔོན་ཕྱོགས་ཀྱི་བོད་རིགས་ཚོར་རྒྱ་གཞུང་གིས་དཔོན་རིགས་མི་སྣས། བལ་ཡུལ་དང་རྒྱ་གར། འབྲུག་ཡུལ་བཅས་སུ་འགྲིམ་འགྲུལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད་པ་མ་ཟད། ད་དུང་གོང་ཞུས་རྒྱ་ནག་གཞུང་གི་བརྡ་ཁྱབ་དེའི་ནང་། བལ་ཡུལ་དུ་སྔར་ནས་སླེབས་ཚར་བ་ཚོ་འཕྲལ་དུ་འགྲུལ་བཞུད་མཚམས་འཇོག་བྱས་ནས་རང་ཁྱིམ་དུ་ཕྱིར་ལོག་བྱེད་དགོས་པའི་ནན་བརྗོད་ཀྱང་བྱས་ཡོད་པ་རེད་འདུག
གཞན་ཡང་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་སྣེ་ལེན་གནང་མཁན་བལ་ཡུལ་དུ་གནས་བཞུགས་འགྲིམ་འགྲུལ་ལས་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་མཚན་ལ་Bishwesh Shrestha་ཞུ་ཞིག་གིས། སྤྱི་ལོ་གསར་ཚེས་ཀྱི་སྔ་ནུབ་དུ་རྒྱ་ནག་གི་ཡུལ་སྐོར་འགྲིམ་འགྲུལ་བཀག་བསྡོམ་གྱི་ཐག་གཅོད་དེ་ནི་ཚབ་ཆེའི་གནད་དོན་ཞིག་ཡིན་ཞིང་། ད་དུང་དེ་སྤྱི་ཟླ ༡་པོའི་ཟླ་དཀྱིལ་དུ་བཀག་སྡོམ་དེ་རིགས་མུ་མཐུད་དུ་གནས་ན། ད་ལོ་བལ་ཡུལ་གྱི་ཡུལ་སྐོར་སྣེ་ལེན་གྱི་ལས་དོན་དེ་བཀྲ་མི་ཤེས་པ་ཞིག་ཆགས་རྒྱུ་ཡིན་པས། དེར་བརྟེན་བལ་ཡུལ་གཞུང་གིས་དགོས་ངེས་ཀྱི་བྱ་ཐབས་སྤྱད་ནས་གནད་དོན་དེ་གང་མགྱོགས་སེལ་ཐབ་གནང་རྒྱུའི་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་གསུངས་འདུག

གསར་འགོད་པ་ཀུན་བཟང་རིག་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།