རྒྱ་ནག་གིས་སྤེལ་བའི་ས་ཁྲ་དེར་ཉེ་འཁོར་རྒྱལ་ཁབ་མང་པོས་ངོས་ལེན་མེད་པའི་ངོ་རྒོལ་བྱས་འདུག

2023.08.31
རྒྱ་ནག་གིས་སྤེལ་བའི་ས་ཁྲ་དེར་ཉེ་འཁོར་རྒྱལ་ཁབ་མང་པོས་ངོས་ལེན་མེད་པའི་ངོ་རྒོལ་བྱས་འདུག རྒྱ་ནག་གིས་སྤེལ་བའི་ས་ཁྲ་དང་རྒྱ་གར་གྱི་ས་ཁྲ།
དྲ་བཤུས་དང་སྒྲིག་བཟོ།

དེ་ཡང་རོ་ཡེ་ཊིར་སི་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་དབྱིན་ཡིག་གི་གསལ་བྱེད་(U)་ཡི་དབྱིབས་དང་འདྲ་བའི་ས་ཐིག་བརྒྱབས་པའི་ས་ཁྲ་ཞིག་སྤེལ་པ་དེས། ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁྱོན་གྱི་བརྒྱ་ཆ་༩༠ཟིན་ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོ་ནི་རྩོད་གཞི་ཅན་གྱི་མཚོ་ལམ་ཞིག་ཡིན་ལ། རྩོད་པ་མང་པོ་ཞིག་གི་འབྱུང་རྐྱེན་ནི་རྒྱ་ནག་གིས་རང་འདོད་ལྟར་བརྒྱབས་པའི་ས་ཐིག་དེ་ཡིན། ལོ་རེ་རེར་ཨ་སྒོར་དུང་ཕྱུར་མང་པོའི་ཚོང་ཟོག་མཚོ་ལམ་དེ་བརྒྱུད་དགོས་པ་རེད།
ས་ཁྲ་དེའི་ཐད་ཧྥེ་ལེ་པེན་གྱིས་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་གིས་འགན་ཁུར་བའི་སྒོ་ནས་རྒྱལ་སྤྱིའི་ཁྲིམས་སྲོལ་དག་ལ་བརྩི་བཀུར་བྱེད་རོགས་ཞེས་འབོད་སྐུལ་བྱས་ཡོད་པ་རེད། ༢༠༡༦ལོར་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་བོར་བདག་དབང་ཡོད་ཟེར་བ་དེར་ཁྲིམས་ཀྱི་གཞི་བཅོལ་ས་མི་འདུག་ཅེས་ཐག་གཅོད་བྱས་ཡོད་པ་རེད།
དེ་མཚུངས་སུ་མཱ་ལེ་ཤེ་ཡ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་གི་ས་ཁྲ་གསར་བ་དེ་མཱ་ལེ་ཞི་ཡས་བརྩི་དགོས་དོན་མེད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོ་ནི་རྙོག་འཛིང་ཅན་གྱི་གནད་དོན་ཞིག་ལ་ངོས་འཛིན་བྱས་ཡོད་ཅེས་བཤད་འདུག
དེ་བཞིན་དུ་ཝེ་ཐི་ནམ་གྱིས་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོ་རུ་ཆད་ཐིག་གིས་བཅད་ནས་བདག་དབང་ཡོད་མདོག་ལ་གཏན་ནས་ངོས་ལེན་མེད་ཅེས་བཤད་འདུག
རྒྱ་ནག་གི་ས་ཁྲ་གསར་བ་དེའི་ས་ཐིག་ལྷོ་རྒྱ་ནག་རྒྱ་མཚོའི་ལྷོ་ཕྱོགས་སུ་སྤྱི་ལེ ༡༥༠༠་ལ་ཇེ་རིང་བཏང་ནས་ཝི་ཐི་ནམ་དང་ཧྥེ་ལེ་པེན། མཱ་ལེ་ཤེ་ཡ། བྷི་རུ་ནི། ཧིན་དྷུ་ནི་ཞི་ཡ་བཅས་ཀྱི་དཔལ་འབྱོར་མཚོ་ཁུལ་དུ་ཐོན་ཡོད་པ་མ་ཟད། ཆད་ཐིག་བཅུ་ཐམ་པས་གྲུབ་པའི་ས་ཐིག་བརྒྱབས་ཡོད་པའི་ཁོངས་སུ་ཐེ་ཝན་ཡང་ཚུད་ཡོད་པ་དང་། རྒྱ་ནག་གི་གསར་དུ་བཀྲམས་པའི་ས་ཁྲ་དེ་ཧ་ལམ་༡༩༤༨ལོའི་རྒྱ་ནག་གི་ས་ཁྲ་དང་འདྲ་བོ་ཡོད་པ་གནས་ཚུལ་ནང་བཀོད་འདུག
ཐེ་ཝན་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས། རྒྱ་ནག་གཞུང་གི་བདག་དབང་ཐད་ཅི་ཞིག་བྱས་ཀྱང་ཐེ་ཝན་ནི་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གི་ཆ་ཤས་མིན། ཞེས་བཤད་འདུག
ཡིན་ན་ཡང་རྒྱ་ནག་གཞུང་གིས་འབྲེལ་ཡོད་ཚང་མས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བསམ་བློ་གཏོང་དགོས་ཞེས་བཤད་འདུག
དེའི་སྔོན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Arindam Bagchi)་ཡིས་གསལ་བསྒྲགས་སྤེལ་བའི་ནང་། ‘ང་ཚོས་དེ་རིང་ཕྱི་སྲིད་ཀྱི་བརྒྱུད་ལམ་ནས། རྒྱ་ནག་གིས་༢༠༢༣ལོའི་༼རྒྱ་ནག་གི་ཚད་ལྡན་ས་ཁྲ༽ཟེར་བ་དེའི་ནང་དུ་རྒྱ་གར་ཀྱི་ས་ཁོངས་ཡང་རྒྱ་ནག་གི་ཡིན་ཚུལ་བཀོད་ཡོད་པར་ངོ་རྒོལ་དྲག་པོ་བྱེད་ཀྱིན་ཡོད་’ཅེས་དང་། རྒྱ་ནག་གི་བཤད་ཚུལ་འདི་དག་ལ་གཞི་འཛིན་ས་མེད་པའི་རྐྱེན་གྱིས་ང་ཚོས་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱ་ནག་གི་ཕྱོགས་ནས་གོམ་རིམ་དེ་རིགས་ཀྱིས་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྙོག་དྲ་བཟོ་བ་ཙམ་ལས་མེད།”ཅེས་ཀྱང་གསུངས་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་དབྱིངས་སྐྱིད་ལགས་ཡང་བསྐྱར་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎