རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་བཙན་ཐབས་ཀྱིས་རྒྱལ་སྟོན་དུས་ཆེན་ཟེར་བ་གཞི་རྒྱ་ཆེན་པོས་སྲུང་བརྩི་བྱེད་བཅུག་ཡོད་པ།
ལོ་ལྟར་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཞེས་པར་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་རྒྱལ་སྟོན་དུས་ཆེན་ཟེར་བ་དང་བསྟུན། རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་གཞུང་འབྲེལ་མཛད་སྒོ་འཚོགས་ཡོད་པ་དང་། ལྷ་ས་ཁུལ་ཡོངས་སུ་ཉེན་རྟོག་ས་ཚིགས་ཆེད་འཛུགས་དང་མཆོད་མཇལ་གནས་སྐོར་བྱེད་ཡུལ་ཚང་མ་སྒོ་བརྒྱབ་བཅུག་པ་དང་། བོད་ཀྱི་ས་ཁུལ་ཡོངས་སུ་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་རྒྱ་ནག་གི་དར་དམར་བསྒྲེངས་འཛུགས་ཀྱི་ལས་འགུལ་དང་འབྲེལ། གྲྭ་བཙུན་ཚོར་མེས་རྒྱལ་ལ་དགའ་ཞེན་ཞེས་པའི་སློབ་གསོ་དྲིལ་བསྒྲགས་དང་ཏང་གི་རྗེས་སུ་འབྲངས་རྒྱུའི་དམ་བཅའ་འཇོག་བཅུག་པ་སོགས་བྱེད་བཅུག་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། དེ་རིང་སྔ་དྲོ་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དང་ནོར་བུ་གླིང་ཁ། གདན་ས་སེར་འབྲས་དགེ་གསུམ་གཙོས་མི་མང་གིས་མཆོད་མཇལ་གནས་སྐོར་བྱེད་ཡུལ་ཚང་མ་སྒོ་བརྒྱབ་སྟེ། རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཚོགས་བཅུག་ཡོད་པ་མ་ཟད། སྤྱིར་ཕྱི་ཟླ་ ༩ པའི་ནང་སློབ་འགོ་གསར་པ་ཚུགས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་གྱི་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོར་དམག་སྦྱོང་འགོ་ཚུགས་ཡོད་པ་རེད་ལ། དེ་དང་བསྟུན་དམག་ཆས་གྱོན་ནས་སློབ་ཕྲུག་ཚོར་མེས་རྒྱལ་གྱི་རྒྱལ་སྟོན་དུས་ཆེན་ཞེས་འབོད་ཚིག་འདྲ་མིན་འོག་ནས་བྱ་འགུལ་སྤེལ་བཅུག་པ་དང་། ལྷ་སའི་དགོན་སྡེ་ཁག་ཏུ་རྒྱལ་སྟོན་དུས་ཆེན་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་བཤད་སོགས་རྒྱ་སྐད་ལམ་ནས་འགྲན་བསྡུར་བྱེད་བཅུག་པ། རྒྱ་ནག་གི་དར་དམར་སྒྲེང་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་བརླིང་ལ་དམ་བཅའ་འབུལ་བཅུག་པ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བོད་ཀྱི་ས་ཁུལ་མང་དག་ཅིག་གི་སློབ་གྲྭ་ཆུང་འབྲིང་དག་ཏུ་རྒྱལ་སྟོན་དུས་ཆེན་སྲུང་བརྩི་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་དང་། ལོ་ཆུང་བྱིས་པ་ཚོར་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་དགོངས་པ་ཟེར་བར་སློབ་སྦྱོང་དང་། རྒྱ་ནག་གི་རྒྱེས་གཅེས་དཔའ་བོར་གུས་འདུད་ཞུ་བཅུག་པ་སོགས་བྱེད་བཞིན་ཡོད་པ་དང་། བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་ནས། རྔ་བ་དང་འཛམ་ཐང་། མཛོད་དགེ་སོགས་ནས་སློབ་གྲྭ་ཆུང་འབྲིང་དག་གི་ནང་། དམར་དམག་གི་གཏམ་རྒྱུད་གྱེར་ཞེས་པའི་ལས་འགུལ་འོག་ལོ་ཆུང་བྱིས་པ་ཚོར་རྒྱ་ནག་གི་དམག་མི་ཆུང་ཆུང་དང་ལིའུ་ཧུའུ་ལན། ཕུག་ལམ་དམག་འཁྲུག་ཟེར་བ་སོགས་ཀྱི་དམར་ཤོག་ཚོགས་པའི་དམག་མི་ཚོའི་ལོ་རྒྱུས་ཀློག་བཅུག་པ་སོགས་བྱས་ཏེ། མི་སྣ་དེ་དག་རྒྱལ་ཁབ་ཀྱི་དཔའ་བོ་ཡིན་པ་སོགས་ངོ་སྤྲོད་བྱས་ཡོད་པ་དང་། གཞན་ཡང་བླ་བྲང་བསང་ཆུ་རྫོང་སློབ་འབྲིང་གཉིས་པ་གཙོས་སློབ་གྲྭ་ཁག་ཚང་མའི་ནང་རྒྱལ་དར་ལ་གུས་འདུད་ཞུ་ཞེས་དང་། འགོ་ཁྲིད་ཞི་ཅིན་ཕིང་གི་བསམ་བློའི་དགོངས་དོན་སློབ་སྦྱོང་བྱེད་བཅུག་པ་སོགས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་དར་དམར་ཆེད་འཛུགས་ཀྱི་ལས་འགུལ་སྤེལ་བཅུག་པའི་དགོན་སྡེ་ཁག་གི་ཁྲོད། ལྷ་ས་འབྲས་སྤུངས་དགོན་དང་། རྔ་བ་ཕྱོགས་ཀྱི་དགོན་སྡེ་ཡོངས། དེ་བཞིན་མགོ་ལོག་སྨར་འབྲིང་ཡུལ་ཚོའི་འབོས་པ་དགོན། སྡེ་དགེ་དགོན་ཆེན་དགོན། མགོ་ལོག་རྨ་ཆེན་རྫོང་གི་དགོན་སྡེ་ཚང་མ། མཛོད་དགེ་རྫོང་སྟག་ཚ་དགོན་དང་། ལྷ་མོ་ཀིརྟི་དགོན། བྱམས་མེ་འབྲས་སྤུང་དགོན། གཞན་ཡང་རྭ་རྒྱ་དགོན། རྨ་ཆུ་དང་ཀླུ་ཆུ་སོགས་ཀྱི་དགོན་སྡེ་ཁག་ཏུ། གྲྭ་བཙུན་ཚོའི་ལག་ཏུ་སྦྱར་ཡིག་ངོས་སུ་ཆབ་སྲིད་ཀྱི་འབོད་ཚིག་འདྲ་མིན་འཛིན་བཅུག་སྟེ། རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱལ་སྟོན་དུས་ཆེན་ཟེར་བར་སྲུང་བརྩི་བྱེད་བཅུག་བཞིན་འདུག་ལ། འབྲེལ་ཡོད་གཞན་ཞིག་ནས་རྔ་བ་དང་མགོ་ལོག་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ཡོང་སྟེ། གྲྭ་བཙུན་ཚོར་རྒྱལ་དར་སྒྲེང་འཛུགས་དང་སྣེ་ཁྲིད་སོགས་ཀྱི་ལས་དོན་བྱེད་བཅུག་གི་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་གྲྭ་བཙུན་ཚོས་རྒྱལ་སྟོན་སྲུང་བརྩི་དང་འབྲེལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དྲག་པོ་བཙུགས་ནས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱ་རྒྱུ་དང་། ཆོས་ལུགས་རྒྱ་ནག་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་བརྟན་ལྷིང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སློབ་གསོ་སྤེལ་ཡོད་པ་སོགས་བརྗོད་འདུག་ལ། སྤྱིར་འདི་ལོའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བའི་བརྗོད་དོན་གཙོ་བོ་རྒྱལ་གཅེས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཟེར་བ་སོགས་ཤུགས་ཆེར་བསྒྲགས་བཞིན་ཡོད་པ་དང་། ཕྱི་ཚེས་༢༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིན་ཕིང་ནས། རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཅན་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་བསྟུན། རྒྱ་ནག་གི་ལོ་ཆུང་གཞོན་ནུར་དམར་ཤོག་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་ཁྲིད་འོག་རྒྱ་སྐད་རྒྱ་ཡིག་གཙོ་འདོན་དགོས་པ་སོགས་ནན་བཤད་བྱས་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།