རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་སོགས་ཀྱི་ལུས་ཀྱི་ནང་ཁྲོལ་བླངས་ནས་བཙོང་གི་ཡོད་པ་དང་དེ་མཚམས་འཇོག་ཆེད་རིང་མིན་དྲ་ལམ་བརྒྱུད་ལྷན་ཚོགས་ཞིག་འཚོགས་འཆར་འདུག
རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་བཙོན་པ་དང་། ཧྥ་ལུང་ཀོང་རྩ་རླུང་སྒོམ་སྒྲུབ་ཆོས་བྱེད་པ། དེ་བཞིན་ཡུ་གུར་གྲངས་ཉུང་ཁ་ཆེའི་མི་རིགས་སོགས་ཀྱི་ལུས་ནས་སྙིང་དང་མཆིན་པ་སོགས་བཙན་དབང་གིས་བཏོན་ནས་ཕྱི་ལ་བཙོང་གི་ཡོད་པ་དང་། དེ་ཐོག་ཚང་མས་དོ་སྣང་དང་བློ་འཚབ་བྱེད་དགོས་པའི་སྐོར་ཚོགས་སྡེ་༡༡༧ཙམ་ཀྱིས་བསྒྲགས་གཏམ་སྤེལ་འདུག
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནས་ཚེས་གཉིས་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་དམར་ཤོག་ཚོགས་པས་འཆར་གཞི་ལྡན་པའི་ཐོག་ནས།་མིའི་ལུས་པོའི་ཆ་ཤས་དོན་ལྔ་སྣོད་དྲུག་སོགས་མངགས་ཉོ་བྱེད་མཁན་བྱུང་སྐབས། རྒྱལ་ནང་གི་ཆབ་སྲིད་ཀྱི་བཙོན་པ་དང་། ཧྥ་ལུང་ཀོང་རྩ་རླུང་སྒོམ་སྒྲུབ་ཆོས་བྱེད་པ། དེ་བཞིན་ཡུ་གུར་གྲངས་ཉུང་ཁ་ཆེའི་མི་རིགས་སོགས་སྲོག་ཐོག་བཏང་ནས། ལུས་པོའི་ཆ་ཤས་བཏོན་ནས་བཙོང་གི་ཡོད་པ་དང་། རྒྱ་ནག་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེའི་ཐད་རྒྱལ་སྤྱིའི་ནང་དོ་སྣང་སླེབས་ཆེད། ཕྱི་ཟླ་གཉིས་པའི་ཚེས་༢༤ཉིན་དྲ་ལམ་བརྒྱུད་ནས་ལྷན་ཚོགས་ཤིག་ཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
དྲ་ཐོག་ལྷན་ཚོགས་དེ་བཞིན་རྒྱ་ནག་གིས་བཙན་དབང་གིས་ལུས་པོའི་ནང་ཁྲོལ་ལེན་རྒྱུ་མཚམས་འཇོག་བྱ་དགོས་ཞེས། རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པ་དང་། དམར་པོའི་རིང་ལུགས་ཀྱི་གནོད་འཚེ་ཕོག་པའི་ཐེབས་རྩ་ཁང་ཞེས་པས་གོ་སྒྲིག་གནང་གི་ཡོད་འདུག དྲ་རྒྱའི་ཐོག་གི་ལྷན་ཚོགས་དེའི་ཐོག་དེ་སྔ་(Serbia)སྲིད་འཛིན་(Slobodan Milosevic)ཡིས་(Yogoslavia)ནང་མི་མང་ལ་དྲག་གནོན་བྱས་པ་དེར། རྒྱལ་སྤྱིའི་ཁྲིམས་ཁང་ནང་ཁྲིམས་གཏུག་བྱས་སྐབས་ཀྱི་ཁྲིམས་གཏུག་པའི་འགོ་ཁྲིད་གཙོ་བོ་(Sir Geoffrey Nice QC)ཞུ་བས་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གི་སྐུ་ཚབ་ཚོས་གཏམ་བཤད་གནང་རྒྱུ་ཡིན་འདུག་ལ། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀ་དང་། ཁེ་ཎ་ཌ། ནིའུ་ཛ་ལན་ཌི། ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་སོགས་རྒྱལ་ཁབ་མང་པོ་ཞིག་གི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་མཉམ་ཞུགས་དང་གཏམ་བཤད་གནང་རྒྱུ་ཡིན་འདུག
དྲ་གནས་ལྷན་ཚོིགས་དེའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་སོགས་ཀྱི་ཐོག་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ངན་པ་ལག་བསྟར་བྱེད་པ་རྒྱལ་སྤྱིའི་མི་མང་གིས་ཤེས་རྟོགས་ཐུབ་ཆེད་དང་། གནད་དོན་དེ་རྒྱ་ནག་གཞུང་གིས་ཕྱི་གསལ་ནང་གསལ་གནང་ཐབས། དེ་བཞིན་ཧྥ་ལུང་ཀོང་ཆོས་བྱེད་པ་དང་། ཡུ་གུར་གྲངས་ཉུང་ཁ་ཆེའི་མི་རིགས་ཀྱི་དཀའ་ངལ་ནི། ཁོང་ཚོ་གཅིག་པུའི་དཀའ་ངལ་མིན་པར་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་ཞིག་ཡིན་པར་རྒྱ་ནག་གཞུང་གིས་ངོས་ལེན་ཡོང་ཐབས་སོགས་ཀྱི་ཆེད་དུ་ཡིན་འདུག