བོད་མི་༡༦ལ་འབར་རྫས་དང་འབྲེལ་བའི་ཉེས་འཛུགས་བྱས་པ།

རྒྱ་ནག་གཞུང་གིས་རྨར་ཁམས་ནས་བོད་མི་༡༦གིས་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བའི་འཛིན་བཟུང་བྱས་སྐོར་དེ་རིང་གནས་ཚུལ་སྤེལ་འདུག

2008-06-05
Share

༄༅༎རྒྱ་ནག་གཞུང་གིས་རྨར་ཁམས་ནས་བོད་མི་༡༦ གིས་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བའི་འཛིན་བཟུང་བྱས་སྐོར་དེ་རིང་རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་དེས་བརྗོད་ན་ བོད་མི་ཚོས་ཕྱི་ནས་རྒྱང་བསྲིང་བྱས་པའི་རླུང་འཕྲིན་གྱིས་ ཏྭ་ལའི་ཁ་བྲལ་ཤོག་ཁག་གི་ཆབ་སྲིད་དྲིལ་བསྒྲགས་བྱས་པའི་ཤུགས་རྐྱེན་འོག་བོད་མི་ཁག་ཅིག་གིས་འབར་རྫས་ཀྱི་གཏོར་རྒོལ་གྱི་ལས་དོན་རིམ་པ་ཞིག་བརྩམས་ཡོད་སྐོར་དང་ འབར་རྫས་དང་འབྲེལ་བའི་བསྙོན་འཛུགས་ཀྱི་དོན་རྐྱེན་དང་པོ་དེའི་ནང་ འོད་ཟེར་དགོན་པའི་དགེ་འདུན་པ་ལྔ་ ཕྱི་ཟླ་༥ པའི་ཚེས་༡༣ ཉིན་འཛིན་བཟུང་བྱས་ཡོད་པ་དང་ ཡང་འབར་རྫས་ཀྱི་དོན་རྐྱེན་གཞན་ཞིག་ནང་ སྐལ་བ་ལོངས་དགོན་པའི་དགེ་འདུན་པ་བཞི་ཕྱི་ཟླ་༥ པའི་ཚེས་༡༢ ཉིན་འཛིན་བཟུང་བྱས་ཡོད་པ་བཅས་ཁྱོན་སྡོམ་བོད་མི་༡༦ འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་ འཛིན་བཟུང་བྱས་པའི་ནང་བོད་མི་བཀྲིས་ཚེ་རིང་ལགས་ཞུ་བ་ཞིག་གི་མིང་འདོན་བྱས་པ་ལས་ གཞན་རྣམས་ཀྱི་མིང་འདོན་བྱས་མེད་པ་རེད་ ས་ཁུལ་བོད་མི་ཚོས་གསུངས་ན་ བོད་མི་ཚོར་སྐབས་འགར་རྡོ་བཤག་གི་རྒྱུ་ཆ་སོགས་ལ་བེད་སྤྱོད་ཆེད་འབར་རྫས་ཡོད་པ་དངོས་ཡོད་ཀྱང་ འབར་རྫས་ཀྱིས་དྲག་རྒོལ་བྱས་པའི་དོན་རྐྱེན་དེ་ མ་ཉེས་ཁ་གཡོགས་བྱས་པ་ཞིག་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད་ དེ་ཡང་ད་ལྟ་རྒྱལ་སྤྱིའི་གནད་དོན་རྟོག་ཞིབ་པ་ཚོས་ རྒྱ་ནག་གཞུང་གིས་འབར་རྫས་ཀྱི་ཉེས་བཙུགས་ནང་ བོད་མི་རྣམས་ཟླ་བ་གཅིག་ཙམ་གོང་ནས་འཛིན་བཟུང་བྱས་ཡོད་ནའང་ གནས་ཚུལ་དེ་ད་ལྟ་གཞི་ནས་ཕྱི་བསྒྲགས་དགོས་དོན་གྱི་ཐད་ལ་ཡ་མཚན་ཆེན་པོར་གྱུར་ཡོད་སྐོར་གསུངས་ཀྱི་ཡོད་པ་དང་ དེ་ནི་རྒྱ་ནག་གཞུང་གིས་ཟླ་བ་དེའི་ཕྱི་ཚེས་༡༡ ཉིན་གོ་སྒྲིག་ཞུ་འཆར་ཡོད་པའི་རྒྱ་བོད་སྐུ་ཚབ་དབར་གྱི་གྲོས་མོལ་དེར་འགོག་རྐྱེན་བཟོ་རྒྱུའི་འཆར་གཞི་ཞིག་ཡིན་པའི་དྭོགས་གཞི་ཡོང་གི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།