རྒྱ་གཞུང་ནས་བོད་རྒྱའི་གྲོས་མོལ་སླར་གསོ་ཡོང་ཐབས་ཆ་རྐྱེན་བཏོན་འདུག

རྒྱ་ནག་གཞུང་ནས་བོད་རྒྱའི་གྲོས་མོལ་སླར་གསོ་ཡོང་ཐབས་སུ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་པའི་ཆ་རྐྱེན་བཏོན་འདུག།

༄༅༎དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲེས་ད་རིང་ཨི་ཀྲ་ལིའི་ནང་འཚམས་འདྲི་གཟིགས་བསྐོར་ཕེབས་པའི་དུས་ཚོད་དང་བསྟུན་གསར་འགོད་པར་བཅར་འདྲི་དང་ལེན་སྐབས། རྒྱ་ནག་གཞུང་གི་ངོས་ནས་དཀའ་རྙོག་སེལ་ཐབས་སུ་ལྷག་བསམ་རྣམ་དག་གི་བྱས་ཡོད་རེད་འོན་ཀྱང་མ་འོངས་པར་མུ་མཐུད་ནས་གྲོས་མོལ་སླར་གསོ་ཡོང་ཐབས་སུ་ཏཱ་ལའི་ཕྱོགས་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་ནས་རྒྱལ་ཁབ་གཏོར་བཤིགས་གཏོང་རྒྱུ་དང༌། ཨོ་ལིམ་པིག་རྩེད་འགྲན་ལ་འགོག་རྐྱེན་བཟོ་གཞིའི་ལས་འགུལ་རིགས་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་ཀྱི་་རེད་ཅེས་གང་ལྟར་བོད་རྒྱའི་གྲོས་མོལ་སླར་གསོ་ཡོང་ཐབས་སུ་བོད་མིའི་ངོས་ནས་རྒྱ་ནག་གཞུང་ལ་ཁ་གཏད་བཅོག་པས་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་ལས་གྲོས་མོལ་མུ་མཐུད་བྱེད་རྒྱུའི་དུས་ཚིགས་སོགས་དམིགས་བསལ་གསལ་ཁ་གང་ཡང་བཏོན་མེད་པ་རེད།

བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དང༌། རྒྱ་ནག་གི་སྐུ་ཚབ་དབར་ལོ་འདིའི་ཕྱི་ཟླ་ལྔ་པའི་འགོ་སྟོད་དུ་ནང་ལུགས་ཀྱི་གྲོས་མོལ་ཞིག་གནང་བ་དང་། ཟླ་བ་འདིའི་ནང་སླར་ཡང་གྲོས་མོལ་དངོས་གཞི་སླར་གསོ་གནང་རྒྱུའི་ཐག་བཅོད་བྱུང་ཡོད་ཀྱང་གློ་བུར་དུ་རྒྱ་ནག་ནས་ས་ཡོམ་གྱི་གནད་དོན་འོག་གནས་སྐབས་རིང་གྲོས་མོལ་བྱེད་རྒྱུའི་ཕྱིར་འགྱངས་བྱས་ཡོད་པ་རེད།