༄༅༎བོད་མདོ་སྨད་རེབ་གོང་དུ་ཕྱི་ལོ་༢༠༡༢ལོར་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་སྟུད་མར་བྱུང་བར་བརྟེན། རྒྱ་གཞུང་གིས་རེབ་གོང་ས་ཁུལ་ཁག་ལ་གསང་བའི་ལས་ཁུངས་གསར་འཛུགས་ཀྱིས་དམ་དྲག་སྔར་ལས་ཆེ་རུ་བཏང་ཡོད་འདུག

འདི་ག་རླུང་འཕྲིན་ལ་འབྱོར་བའི་གནས་ཚུལ་ལྟར་ན། ད་ལོའི་ཕྱི་ཟླ་དང་པོ་ནས་འགོ་བཙུགས་ནས་རེབ་གོང་ས་ཁུལ་དུ་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་བཀག་འགོག་ཆེད་བརྙན་འཕྲིན་འཁོར་སྐར་འཕྲུལ་ཆས་སྡེར་མ་བཙན་དབང་གིས་ཐོག་ནས་གཞུང་བཞེས་དང་། འཁོར་སྐར་སྡེར་མ་བཙོང་མཁན་ཚོང་ཁང་ནང་གི་སྡེར་མ་རྣམས་ཀྱང་། བཙན་དབང་གི་ཐོག་ནས་ཁྱེར་ཏེ་མེར་བསྲེགས་ནས་བཀག་འགོག་ནན་མོ་བྱས་ཡོད་འདུག
ཕྱི་ཟླ་དང་པོའི་ཚེས་༡༨ཉིན་རེབ་གོང་རོང་བོ་དགོན་ཆེན་དུ་རྒྱ་གཞུང་གིས་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཡོང་ནས། དེ་སྔ་རྒྱ་གཞུང་ལ་རྩིས་སྤྲོད་མ་བྱས་པའི་གྲྭ་ཤག་སོ་སོའི་ཁང་པའི་སྟེང་གི་བརྙན་འཕྲིན་འཁོར་སྐར་སྡེར་མ་༩བཙན་དབང་གིས་ཐོག་ནས་གཞུང་བཞེས་བཏང་ཡོད་པ་དང་། སྐབས་དེར་གྲྭ་བ་སྐོར་ཞིག་གིས་ངོ་རྒོལ་བྱས་ནས་རྒྱ་གཞུང་གི་ལས་བྱེད་པས་སྡེར་མ་འཁྱེར་ཐུབ་མེད་འདུག
དེའི་རྗེས་རོང་བོ་དགོན་ཆེན་སོགས་སྲང་ལམ་གང་སར་ཐུན་རིན་རྫོང་རོང་བོ་དགོན་པོའི་དོན་དམ་ཅུའུ་ཟེར་བས་བརྡ་ཁྱབ་སྦྱར་ནས། ཕྱི་ལོ་༢༠༡༣ལོའི་ཟླ་༡པོའི་ཚེས་༢༧བར་རང་འགུལ་གྱིས་འཁོར་སྐར་སྡེར་མ་རྩིས་སྤྲོད་མ་བྱེད་ཚེ་ཉེས་ཆད་སྒོར་ལྔ་སྟོང་གཅོད་རྒྱུ་དང་དེ་མིན་གཞན་འཇུག་འབྲས་ཅི་ཡོད་གྲྭ་བ་རང་ཉིད་ཀྱི་འགན་ལེན་བྱེད་དགོས་འཇིགས་སྐུལ་བྱས་ཡོད་འདུག
ཐུན་རིན་རྫོང་རོང་བོ་དགོན་པོའི་དོན་དམ་ཅུའུ་ཟེར་བ་དེ་གསང་བའི་ལས་ཁུངས་ཤིག་ཡིན་པས་གང་དུ་ཡོད་མེད་ཡང་ཤེས་རྟོགས་མི་ཐུབ་པ་དང་། རྒྱ་མི་དང་བོད་མིའི་ལས་བྱེད་པ་དམག་མི་སོགས་མཉམ་རུབ་ཀྱིས་ཟླ་ཤས་སྔོན་ནས་ཆེད་འཛུགས་བྱས་པ་ཞིག་ཡིན་པ་འབྲེལ་བརྗོད་བྱས་འདུག།

