རྒྱ་ནག་གིས་༧གོང་ས་མཆོག་རྒྱ་གར་བྱང་ཤར་ལ་ཕེབས་རྒྱུར་དགག་པ།

2016-10-28
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ།
བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ།
Photo: RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཆར་ལོའི་ཕྱི་ཟླ་༣་པའི་ནང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་གཏན་འཁེལ་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཉེ་སྔོན་ཕྱི་ཟླ་༡༠་པའི་ཚེས་༩་ཉིན་རྒྱལ་ས་ལྡི་ལིར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུ་འབུལ་བ་ལྟར། ༧གོང་ས་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་བསྩལ་བྱུང་སྟེ། ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་གསུམ་པའི་ནང་ཁུལ་དེར་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུའི་ཐད་རྒྱ་གར་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་ན། ནང་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་གཞུང་གིས་མགྲོན་པོ་རེད་ལ་ཁོང་ས་ཕྱོགས་གང་དུ་ཕེབས་ཀྱང་རང་དབང་རེད། ༧གོང་ས་མཆོག་ལ་ཨ་རུ་ན་ཅལ་མངའ་སྡེིའི་ནང་དད་གུས་ཞུ་མཁན་དད་ལྡན་པ་མང་པོ་ཡོད་པ་རེད། ༧གོང་ས་མཆོག་དེ་སྔ་ཡིན་ནའང་ཨ་རུ་ན་ཅལ་མངའ་སྡེིའི་ནང་ཆིབས་བསྒྱུར་བསྐྱང་གནང་ཡོད་བ་རེད་ལ་ད་རེས་བསྐྱར་དུ་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་པ་དེ་རྒྱུན་ལྡན་གྱི་མཛད་འཆར་ཞིག་ཡིན་པ་རེད་ཅེས་གསལ་སྟོན་གནང་འདུག
ཕྱི་ཚེས་༢༨་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang་ཡིས་༧གོང་ས་མཆོག་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་གནང་རྒྱུར་དགག་པ་ཡོད་ཅེས་བརྗོད་པ་དང་ཆབས་ཅིག་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་ཆེ་རུ་མི་གཏོང་བའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།
རྒྱ་གར་གྱི་གསར་ཤོག་ནང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོའི་ལས་ཁུངས་ཀྱི་ལས་བྱེད་པ་གཅིག་གིས་འགྲེལ་བརྗོད་གནང་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་རིང་མིན་༢༠༡༧་ལོའི་ཕྱི་ཟླ་གསུམ་པའི་ནང་ཨ་རུ་ན་ཅལ་མངའ་སྡེར་བདུན་གཉིས་རིང་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུ་ཕུལ་ཡོད་པ་བཞིན། ༧གོང་ས་མཆོག་མོན་རྟ་དབང་དང་། རྒྱལ་ས་ཨི་ཏྲ་ན་གར། དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་རྫོང་སྡེ་ཁག་གི་ནང་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་དང་། དེ་སྔ་བོད་ལ་དུས་འགྱུར་བྱུང་བའི་སྐབས་བོད་ནས་རྒྱ་གར་ལ་ཡུལ་བྱོལ་ཕེབས་སྐབས་རྟ་དབང་བརྒྱུད་ཕེབས་པར་བརྟེན། ཨ་རུ་ན་ཅལ་མངའ་སྡེ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབར་དམིགས་བསལ་འབྲེལ་བ་ཞིག་ཡོད་སྐོར་འགྲེལ་བརྗོད་གནང་འདུག།

གསར་འགོད་པ་དབྱངས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།