བོད་ཉག་ཆུ་རྫོང་དགོན་ཁག་གི་ལོ་རྒྱུས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་དང་གནས་ཚུལ་གང་ཡང་འབྲི་བཅུག་མེད་འདུག

2021.10.28
Share on WhatsApp
Share on WhatsApp
བོད་ཉག་ཆུ་རྫོང་དགོན་ཁག་གི་ལོ་རྒྱུས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་དང་གནས་ཚུལ་གང་ཡང་འབྲི་བཅུག་མེད་འདུག རྒྱ་ནག་གཞུང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་འབྲི་རྩོམ་དང་གླེང་སློང་གང་ཡང་བྱས་བཅུག་མེད་པར་དམ་དྲག་བྱས་ཡོད་པ།
བོད་འབྱོར།

འདི་ལོ་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཟེར་བའི་ཉག་ཆུ་རྫོང་གི་བོད་ཀྱི་དགོན་སྡེ་ཁག་ནང་། དགོན་པ་ཁག་གི་ལོ་རྒྱུས་བྲིས་ཏེ་སྲིད་གཞུང་ལ་ཡར་སྤྲོད་དགོས་པའི་བཀོད་མངགས་བྱས་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེར་དགོན་པ་ཆེ་ཆུང་༣༠ལྷག་གི་ལོ་རྒྱུས་དང་ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དགོན་པ་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་གླིང་དགོན་པའི་ལོ་རྒྱུས་ནང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་འབྲི་རྩོམ་དང་གླེང་སློང་གང་ཡང་བྱས་བཅུག་མེད་པར་དམ་དྲག་བྱས་སྟབས། ལོ་རྒྱུས་དང་འབྲེལ་ནས་ཡུལ་ཕྱོགས་དེའི་བོད་མི་ཚོས་ཆེད་འཛུགས་བྱས་པའི་མི་གྲངས་༥༠༠ཡོད་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་། དགོན་པ་ཁག་གི་ལོ་རྒྱུས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་ནས་གླེང་སློང་དང་གྲོས་བསྡུར་མང་པོ་བྱས་སྟབས། ཟླ་བ་འདིའི་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་དང་འགལ་བའི་བགྲོ་གླེང་བྱེད་ཀྱི་ཡོད་སྐོར་བརྗོད་ནས་ཚོགས་པ་དེ་སྒོ་བརྒྱབ་སྟེ། འབྲེལ་ཡོད་བོད་མི་རེ་གཉིས་འབོད་འགུག་གིས་འདྲི་རྩད་སོགས་བྱེད་བཞིན་ཡོད་སྐོར།་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དགོན་པ་ཁག་གི་ལོ་རྒྱུས་འབྲི་རྩོམ་དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་ལས་གཞི་ཞིག་ཡིན་པ་དང་། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་མིང་བརྗོད་འདོད་མེད་མཁན་ཞིག་གིས་སྤྱིར་ན་དགོན་པ་ཁག་གི་ལོ་རྒྱུས་ཟེར་བ་དེ་ཧ་ཅང་རྒྱས་པ་དེ་འདྲ་གང་ཡང་མེད་ཀྱང་། བྲིས་ཚར་རྗེས་འབྲི་མཁན་བོད་མི་དེ་དག་གིས་མི་མང་ཁྲོད་གསལ་འདེབས་ཆེད་འགྲེམས་སྤེལ་བྱས་ཡོད་པ་དང་འབྲེལ། བོད་ཕྱི་ནང་གཉིས་ཀྱི་མི་སྣ་མང་པོས་དགོན་པ་ཁག་གི་ལོ་རྒྱུས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་བྲིས་མེད་པའི་སྐོར་ནས་གླེང་སློང་མང་པོ་བྱས་སྟབས། རྒྱ་ནག་གཞུང་གིས་དགོན་པ་ཁག་གི་ལོ་རྒྱུས་དང་འབྲེལ་བའི་གྲོས་བསྡུར་དང་བགྲོ་གླེང་བྱེད་སའི་སྐད་འཕྲིན་ཚོགས་པ་དེ་ཡང་སྒོ་བརྒྱབ་སྟེ། ཚོགས་པ་དེ་སྲིད་གཞུང་གིས་སྒོ་བརྒྱབ་བཅུག་པ་ཡིན་སྐོར་སོགས་མི་མང་ལ་གསལ་བཤད་དང་གླེང་སློང་གང་ཡང་བྱས་མི་ཆོག་པའི་བཙན་བཀའ་གཏོང་གི་ཡོད་སྐོར་བརྗོད་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་ཆེད་དམིགས་འབྲི་བཅུག་པའི་ཉག་ཆུ་རྫོང་ཁོངས་ཀྱི་དགོན་པ་ཁག་གི་ལོ་རྒྱུས་དེ་དག་ལས། ད་ལྟའི་ཨོ་ཐོག་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་གླིང་གི་ལོ་རྒྱུས་འབྲི་སྐབས། ཐོག་མར་དགོན་པ་དེ་ཕྱི་ལོ་༡༧༣༠ལོ་ནས་གུར་དཀར་པོའི་དགོན་པ་ཞེས་ཕྱག་བཏབ་རྗེས། ཕྱིས་སུ་ཕྱི་ལོ་༡༩༨༨ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བཀའ་དགོངས་འོག་སྔོན་མའི་དགོན་པ་དེ་གཙུག་ལག་ཁང་དུ་བསྒྱུར་ནས་དགོན་པའི་མཚན་ལ་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་གླིང་ཞེས་གསོལ་ཡོད་སྐོར་ཙམ་ལས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་དགོན་པ་སླར་གསོ་དང་གཞུང་ཆེན་སློབ་གཉེར་སོགས་ཆེད་འཛུགས་གནང་བའི་སྐོར་གང་ཡང་མེད་པ་མ་ཟད། དགོན་པ་དེར་བཞུགས་ཡོད་པའི་བླ་སྤྲུལ་མཁན་པོ་སོགས་ཀྱི་མིང་འདོན་བྱས་ཡོད་པའི་ཁྲོད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མཚན་བྲིས་པ་ཙམ་ཡང་བྱས་མེད་པ་རེད།
ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཀོད་མངགས་ལས་གཞིའི་འོག་བྲིས་པའི་ཉག་ཆུ་ཕྱོགས་ཀྱི་དགོན་པ་ཁག་གི་ལོ་རྒྱུས་ཟེར་བ་དེ་བྲིས་ཚར་ཡོད་པ་དང་། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། ཐེངས་འདིར་ཉག་ཆུ་ཕྱོགས་ཀྱི་དགོན་པ་ཁག་གི་ལོ་རྒྱུས་འབྲི་རྩོམ་དང་འབྲེལ། ཉག་ཆུ་ཨོ་ཐོག་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་གླིང་གི་ལོ་རྒྱུས་འབྲི་བར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་མ་གླེང་ཐབས་མེད་ཆགས་ཡོད་ན་ཡང། རྒྱ་ནག་གཞུང་གི་དམ་དྲག་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་གང་ཡང་གླེང་སློང་བྱེད་བཅུག་གི་མེད་པས། བོད་ནང་གི་བོད་མི་ཚོས་གནད་དོན་དེ་རིགས་སྐོར་ནས་རྒྱ་ནག་གཞུང་ལ་བསམ་ཚུལ་དང་གླེང་སློང་བྱེད་པར་དཀའ་ངལ་ཆེན་པོ་ཆགས་ཡོད་པ་དང་། ད་ལྟ་ཕལ་ཆེར་ལོ་རྒྱུས་ཟེར་བ་དེ་བྲིས་ཚར་ནས་ཡར་སྤྲད་མེད་ཀྱང་སྤྲོད་རྒྱུའི་མཚམས་ལ་བསླེབས་ཡོད་ན་ཡང་། ལོ་རྒྱུས་དེ་འདྲ་ཞིག་འབྲི་བཅུག་བཞིན་ཡོད་པའི་དམིགས་ཡུལ་སོགས་གསལ་ཁ་མེད་སྐོར་བརྗོད་བྱུང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་སོགས་གསར་འཛུགས་དང་བོད་མིའི་ངོ་བོ་སྲུང་སྐྱོབ་སླད་ཕྱག་ལས་གནང་མཁན་ཞིག་ཡིན་པ་བཞིན། ཕྱི་ལོ་༢༠༠༢ལོའི་སྤྱི་ཟླ་༡༡ཚེས་༢༩ཉིན་ཁོང་ལ་རྒྱ་ནག་གཞུང་གིས་ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྤར་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཏེ་མི་ལོ་༡༣རྗེས། སྤྱི་ལོ་༢༠༡༥ལོའི་ཕྱི་ཟླ་༧ཚེས་༡༢དགོང་མོར་སྐུ་གྲོངས་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་ཚུལ་དང་འབྲེལ་ནས་ལི་ཐང་དང་ཉག་ཆུ་ས་ཁུལ་གྱི་བོད་མི་མང་པོས་རྒྱ་ནག་གཞུང་ལ་བསྟུད་མར་ཞི་རྒོལ་བྱས་སྟབས། རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེའི་བོད་མི་མང་པོ་སྔ་ཕྱིར་འཛིན་བཟུང་བཙན་ཁྲིད་དང་བཙོན་འཇུག་མནར་གཅོད་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་ནས། ཡུལ་དེའི་ས་གནས་མི་མང་ལ་ད་དུང་དམ་དྲག་དང་འཛིན་བཟུང་སོགས་ཚོད་མེད་དུ་བྱེད་བཞིན་ཡོད་པ་རེད་ལ། ཟླ་བ་འདིའི་ཕྱི་ཚེས་༢༧་ཉིན་དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་ཁེལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ལོ་ལྟར་སྤྲུལ་སྐུའི་འཁྲུངས་འདས་དུས་ཚེས་དང་བསྟུན་ས་གནས་མི་མང་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། ཐེངས་འདིར་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་རྒྱུས་ལོན་ཐབས་བྱས་ཀྱང་དམ་དྲག་རྐྱེན་གྱིས་ས་གནས་རང་གི་མི་དང་འབྲེལ་བ་བྱེད་ཐབས་བྱུང་མ་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎