བོད་གཞུང་སྒོ་རྒྱག་དགོས་པའི་ཐད་གླེང་རྒྱུའི་རེ་བ་ཡོད་ཟེར།

2014-08-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སོག་ཡུལ་ལ་འབྱོར་སྐབས། ༢༠༡༤།༨།༢༠
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སོག་ཡུལ་ལ་འབྱོར་སྐབས། ༢༠༡༤།༨།༢༠
AFP

སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་གར་དུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སྐོར་གླེང་སྲིད་པ་ཡིན་པའི་གནས་ཚུལ་ཐོན་འདུག
དེ་ཡང་དེ་རིང་ཚེས་༣༠ཉིན་རྒྱ་གར་གྱི་The Times of India ཉིན་རེའི་གསར་ཤོག་གི་ནང་། རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་ཕེབས་སྐབས་རྒྱ་གར་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནང་སྒོ་ཇི་ཡིན་སྐོར་གླེང་སློང་གནང་སྲིད་པ་ཡིན་སྐོར་པེ་ཅིང་དུ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲའི་རྒྱ་གར་ཐོག་གི་མཁས་པ་མཱ་ཅཱ་ལིས་བརྗོད་པ་ཞིག་བཀོད་འདུག མཱ་ཅཱ་ལི་ཡིས་རྒྱ་ནག་གི་སྲིད་འཛིན་གྱི་ངོས་ནས་རྒྱ་གར་གྱི་དབུ་ཁྲིད་ཚོར་རྒྱ་གར་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་ལ་དམིགས་པའི་ཆབ་སྲིད་ཀྱི་ལས་དོན་སྤེལ་མི་འཇུག་རྒྱུ་རྒྱ་གར་གཞུང་གིས་ཁས་ལེན་གནང་པ་དམ་འཛིན་ཡོང་རྒྱུའི་སྐུལ་མ་ཡང་གནང་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག རྒྱ་གར་གྱི་གསར་ཤོག་དེའི་ནང་དབུས་བོད་མིའི་སྒྲིག་འཛུགས་ལ་བཙན་བྱོལ་བོད་གཞུང་ཞེས་བརྗོད་འདུག་ཅིང་། གསར་ཤོག་ལས་ཁང་དེར་མཱ་ཅཱ་ལིས་རྒྱ་གར་ནང་བཙན་བྱོལ་བོད་གཞུང་ཟེར་བ་ཡོད་པ་དེ་ནི་རྒྱ་ནག་ལ་ཁ་གཏད་བྱ་མཁན་གྱི་ཆབ་སྲིད་སྒྲིག་འཛུགས་ཤིག་ཡིན་ཞིང་། རྒྱ་གར་གྱི་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་རྒྱུའི་ཁས་ལེན་ལ་རྩ་འཛིན་བྱེད་པའི་ཐོག་རྒྱ་ནག་ཁ་བྲལ་དུ་གཏོང་མཁན་གྱི་ཤོག་ཁག་ལ་གལ་འགངས་རང་བཞིན་དུ་བརྩི་རྒྱུ་ཡོད་པ་མ་རེད་ཅེས་བརྗོད་འདུག
ཡང་རྒྱ་གར་གྱི་ The Times of India གསར་ཤོག་ལས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སླབ་གྲྭ་དེའི་རྒྱ་གར་ཐོག་མཁས་པ་མཱ་ཅཱ་ལི་ལ་སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་གར་གཞུང་ལ་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་པའི་རེ་འདུན་འདོན་མིན་སྐོར་དྲིས་པར་མཱ་ཅཱ་ལིས། ང་ཚོའི་ངོས་ནས་གནད་དོན་འདིའི་ཐད་བགྲོ་གླེང་བྱ་རྒྱུར་འདོད་པ་ཡོད། རྒྱ་ནག་གི་སྲིད་འཛིན་གྱི་ངོས་ནས་ཀྱང་གནད་དོན་འདིའི་ཐད་རྒྱ་གར་གི་འགོ་ཁྲིད་ཚོ་དང་བཀའ་བསྡུར་གནང་རྒྱུར་རེ་བ་ཡོད་ཅེས་བརྗོད་འདུག
ཡང་མཱ་ཅཱ་ལིས་ཏཱ་ལའི་བླ་མས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་སའི་ས་ཁུལ་ཁག་ཏུ་རང་སྐྱོང་གི་གནས་བབས་ཚད་མཐོ་རུ་གཏོང་དགོས་ལུགས་བརྗོད་བཞིན་ཡོད་ཀྱང་། དོན་དངོས་བོད་རང་བཙན་འགྲུབ་ཐབས་སུ་བརྒྱུད་སྐུལ་བྱེད་བཞིན་ཡོད་པ་རེད་ཅེས་དང་། འོན་ཀྱང་ང་ཚོའི་ངོས་ནས་ཁོང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་བྱེད་སྟེ་དཀའ་རྙོག་སེལ་ཐབས་བྱ་རྒྱུར་འདོད་པ་ཡོད་ཅེས་བརྗོད་འདུག

གསར་འགོད་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།