བོད་ནང་རྒྱུན་ཆད་མེད་པར་བཙན་དབང་གིས་བསམ་བློའི་སློབ་གསོ་སྤེལ་བཞིན་འདུག

2021-05-28
Share
བོད་ནང་རྒྱུན་ཆད་མེད་པར་བཙན་དབང་གིས་བསམ་བློའི་སློབ་གསོ་སྤེལ་བཞིན་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ནག་ཆུ་སོག་རྫོང་ནང་དབྱར་རྩ་དགུན་འབུ་འཐུ་ཡུལ་དུ་མི་རིགས་མཐུན་སྒྲིལ་ཟེར་བའི་ཐོག་ནས་བསམ་བློའི་སློབ་གསོའི་ལས་འགུལ་སྤེལ་བཞིན་པ།
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ།

ད་ལྟ་ནི་བོད་ཀྱི་ས་ཁུལ་མང་པོའི་ནང་དབྱར་རྩ་དགུན་འབུ་འཐུ་བཞིན་པའི་སྐབས་ཡིན་ཞིང་།  རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་སོག་རྫོང་མི་རིགས་ལས་དོན་ལྷན་ཁང་གིས་གོ་སྒྲིག་འོག་དབྱར་རྩ་དགུན་འབུ་འཐུ་ཡུལ་དུ་མི་རིགས་མཐུན་སྒྲིལ་ཟེར་བའི་མིང་ཐོག་ནས་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་འདུག་པ་དང་།  མི་མང་ཆིག་ཁྲི་ཉིས་སྟོང་ལྷག་ཙམ་འདུ་བསྐོང་གིས་མཉམ་ཞུགས་བྱས་བཅུག་འདུག  ད་དུང་དབྱར་རྩ་དགུན་འབུ་འཐུ་སར་ཆེད་མངགས་རྒྱ་མིའི་ལས་བྱེད་པ་མངགས་གཏོང་གིས་མང་ཚོགས་ཀྱི་འདོད་པ་ཡོད་མེད་ལ་མ་བལྟོས་པར་བཙན་དབང་གིས་མཉམ་ཞུགས་བྱས་བཅུག་པའི་འདུ་ཚོགས་དེའི་ཐོག་སྤེལ་བའི་སློབ་གསོའི་ལས་འགུལ་གྱི་ནང་དོན་ནི་རྒྱ་ནག་གུང་བྲན་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་པ་དང་། དེའི་བཀའ་དྲིན་དྲན་དགོས་པ། བོད་རྒྱ་མི་རིགས་ཀྱི་མཐུན་བསྒྲིལ་སོགས་ཀྱི་སྐོར་ཡིན་འདུག

གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་དབྱར་རྩ་དགུན་འབུ་འཐུ་མཁན་མི་སྣར་ཞིབ་བཤེར་གྱིས་ལག་འཁྱེར་ལ་བརྟག་དཔྱད་དང་མང་ཚོགས་ཀྱི་འགྲོ་སྐྱོད་དང་བསམ་བློའི་སྟངས་འཛིན་གྱི་ལས་དོན་དེ་བས་ཤུགས་ཆེ་རུ་བཏང་ཡོད་འདུག  ནག་ཆུ་སོག་རྫོང་ཁོངས་ཀྱི་ས་ཁུལ་ཞིག་ལ་མཚོན་ན།  དབྱར་རྩ་དགུན་འབུ་འཐུ་མཁན་ཚོའི་སྡོད་གུར་༢༦༠ལྷག་ཙམ་ནང་མི་ཆིག་སྟོང་བདུན་བརྒྱ་ཡོད་པ་དེ་དག་ཡོངས་རྫོགས་ལ་བརྟག་དཔྱད་ཞིབ་བཤེར་བྱས་ཡོད་འདུག

ནག་ཆུ་སོག་རྫོང་དུ་གཏེར་ཐོན་ཐོན་ཁུངས་དང་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་མང་པོ་ཡོད་པའི་ཐོག་དབྱར་རྩྭ་དགུན་འབུ་དང་། གངས་ལྷ་མེ་ཏོག རྩྭ་ཀླུ་བདུད་རྡོ་རྗེ་སོགས་རི་སྐྱེས་རྩི་ཤིང་གི་ཕྱུག་པའི་ས་ཁུལ་ཞིག་ཡིན་ཞིང་།  རྒྱ་ནག་གཞུང་གི་སྲིད་ཇུས་ལ་མི་འདོད་པའི་ཐོག་ནས་ངོ་རྒོལ་བྱེད་མཁན་བོད་མི་ཡང་བྱུང་ཡོད་པར་བརྟེན།  རྒྱུན་དུ་གཞུང་ཕྱོགས་ཀྱིས་དམ་བསྒྲགས་ཆེན་པོ་བྱེད་ཡུལ་ཞིག་ཀྱང་ཆགས་ཡོད་པ་རེད།

རྒྱ་ནག་གཞུང་གིས་སློབ་གསོའི་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་བོད་རང་སྐྱོང་ལྗོངས་ཙམ་མ་ཟད་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་གང་སའི་ནང་ཡང་སྤེལ་བཞིན་འདུག་པ་དཔེར་ན། མདོ་སྨད་རྔ་པ་ཁུལ་དུ་རྒྱ་ནག་གུང་བྲན་དམར་ཤོག་ཚོགས་པའི་ལོ་རྒྱུས་སློབ་སྦྱོང་ཟེར་བའི་ལས་འགུལ་སྤེལ་མུས་ཡིན་ཞིང་།  དེའི་ནང་རྔ་པ་རྫོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་ཟེར་བ་ཞིག་གཉེར་ནས་དམར་པོའི་ལྟ་བའི་སློབ་གསོ་སྤེལ་བ་དང་།  ཡང་རྔ་བ་ཆུ་ཆེན་རྫོང་ནང་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཟེརབ་གཉེར་པ་སོགས་བྱས་འདུག་ལ། ཁམས་ཁུལ་གྱི་ས་ཁུལ་མང་པོའི་ནང་དེ་མཚུངས་བྱེད་བཞིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།