ཨ་རིའི་སྤྱི་མཐུན་ཚོགས་པའི་སྙན་ཐོའི་ནང་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ཕྱི་ལ་ཤོར་བ་གསལ་འདུག

2021-08-02
Share
ཨ་རིའི་སྤྱི་མཐུན་ཚོགས་པའི་སྙན་ཐོའི་ནང་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ཕྱི་ལ་ཤོར་བ་གསལ་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཝུའུ་ཧན་དུ་འབྱོར་སྐབས་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་གི་མདུན་ཉེན་རྟོག་པས་བསྐོར་ཡོད་པ། ༢།༣།༢༡
AFP

ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པས་སྙན་ཐོ་ཞིག་བཏོན་པའི་ནང་ཀོ་ཝིཌ༡༩་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་ཡིན་པ་བརྗོད་འདུག
དེ་ཡང་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་(Mike McCaul)་ཡིས་ཕྱི་ཟླ་༨་པའི་ཚེས་༢་ཉིན་སྤྱི་མཐུན་ཚོགས་པའི་ཚོགས་ཆུང་ཞིག་གིས་ཕྱོགས་བསྒྲིགས་བྱས་ནས་བཏོན་པའི་སྙན་ཐོའི་ནང་། ཀོ་ཝིཌ༡༩་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་དུ་ཡོད་པའི་ནད་འབུ་བརྟག་དཔྱད་ཁང་ནས་ཕྱིར་ཤོར་བ་ཡིན་པའི་དཔང་རྟགས་ར་སྤྲོད་འདང་ངེས་ཤིག་ཡོད་པ་དང་། གནད་དོན་དེའི་ཐོག་ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་ནད་ཡམས་ཀྱི་ནད་འབུའི་ཐོག་མའི་འབྱུང་ཁུངས་ལ་ཞིབ་འཇུག་མཐར་ཕྱིན་པ་གནང་དགོས་པ་ནན་སྐུལ་བྱས་འདུག
འོན་ཀྱང་། ཉེ་སྔོན་ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་ལགས་ཀྱིས། ཨ་རིའི་གསང་བའི་ལས་ཁུངས་ལ་ནད་ཡམས་ཀྱི་ཐོག་མའི་འབྱུང་ཁུངས་ཉིན་གྲངས་༩༠་ནང་ཞིབ་འཇུག་དགོས་པའི་བཀའ་བཏང་ཡོད་པ་དང་། ད་ལྟའི་སྐབས་སུ་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་ནད་ཡམས་ཀྱི་ནད་འབུའི་ཐོག་མའི་འབྱུང་ཁུངས་ཐོག་ལ་སྡོམ་རྒྱབ་མེད་པ་རེད།
ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པས་བཏོན་པའི་སྙན་ཐོ་དེའི་ནང་། ད་དུང་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་གི་རྒྱ་ནག་གི་ཚན་རིག་པ་ལ་ཨ་མི་རི་ཀ་གཞུང་གིས་རོགས་དངུལ་རྒྱབ་སྐྱོར་ཐོག་ཨ་རིའི་ཆེད་མཁས་པས་ཀྱང་ཞིབ་འཇུག་གྱི་བརྒྱུད་རིམ་ནང་ཐེ་གཏོགས་ཡོད་ལུགས་བརྗོད་འདུག
རྒྱ་ནག་གཞུང་གི་ཕྱོགས་ནས་ནད་འབུ་དེ་བཞིན་ཚན་རིག་བརྟག་དཔྱད་ཁང་ནས་བཅོས་སྒྲིག་བྱས་པ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། དེའི་སྐོར་ལ་གནས་ཚུལ་སྦས་གསང་བྱེད་ཀྱི་མེད་ལུགས་བརྗོད་འདུག
ཡང་རྒྱལ་སྤྱིའི་ཐོག་ནད་ཡམས་ཐད་ཀྱི་ཆེད་མཁས་པ་གཞན་འགའ་ཤས་ཀྱིས་ནད་འབུ་དེ་ཐོག་མར་སེམས་ཅན་ནས་མི་ལ་འགོས་པ་ཡིན་སྲིད་པ་ཚོད་དཔག་གནང་མཁན་ཡང་བྱུང་ཡོད་པ་རེད།
ཨ་མི་རི་ཀའི་སྤྱི་འཐུན་ཚོགས་པས་ད་ལྟའི་ཆར་ནད་འབུ་དེའི་ཐོག་མའི་འབྱུང་ཁུངས་སེམས་ཅན་གྱི་ཁྲོམ་ར་རེད་ཟེར་བ་དེར་ངོས་ལེན་གནང་རྒྱུ་མིན་པའི་སྐོར་བརྗོད་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་དགུ་ཅུ་གོ་བརྒྱད་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་བཞི་དང་འབུམ་གཉིས་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
ཉེ་བའི་ཆར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཞིབ་འཇུག་ཐེངས་གཉིས་པ་བྱེད་རྒྱུ་ཡིན་པ་དང་དེའི་ཆེད་ཞིབ་འཇུག་ཚོགས་པ་གཏོང་རྒྱུ་ཡིན་ཚུལ་བཤད་ཀྱང་དེ་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།