རྒྱུད་སྟོད་གྲྭ་ཚང་དུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་དགེ་འདུན་པ་༡༥༣ཐོན་འདུག

2021-03-01
Share
རྒྱུད་སྟོད་གྲྭ་ཚང་དུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་དགེ་འདུན་པ་༡༥༣ཐོན་འདུག རྒྱུད་སྟོད་གྲྭ་ཚང་། 3/12/2020
Reuters

བརྟག་དཔྱད་བྱས་བ་བརྒྱུད་རྒྱ་གར་རྡ་རམ་སཱ་ལའི་ཉེ་འགྲམ་གྱི་རྒྱུད་སྟོད་གྲྭ་ཚང་དུ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་འགོས་ཡོད་པའི་དགེ་འདུན་པ་༡༥༣ཐོན་འདུག
རྒྱ་གར་རྡ་རམ་སཱ་ལའི་ཉེ་འགྲམ་རྒྱུད་སྟོད་གྲྭ་ཚང་དུ། གཟའ་འཁོར་སྔོན་མར་དགེ་འདུན་པ་ ༡༢ལ་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་གནས་ཚུལ་བྱུང་བའི་རྗེས། ས་གནས་རྒྱ་གར་གཞུང་གི་འཕྲོད་བསྟེན་ཚན་པས་དགེ་འདུན་པ་གྲངས་༣༠༠ལ་བརྟག་དཔྱད་བྱས་བའི་ཁྲོད། ཕྱི་ཟླ་༣ཚེས་༡བར་དགེ་འདུན་པ་༡༥༣ལ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཕོག་ཡོད་པ་ཤེས་རྟོགས་བྱུང་འདུག
ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་དགེ་འདུན་པ་དེ་དག་གི་ཁོངས་ནས་དགེ་འདུན་པ་གཅིག་ཛ་དྲག་གི་གནས་སྟངས་འོག་ཡོད་འདུག་ཅིང་། ཁོང་ཀངྒར་རྫོང་གི་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག་པ་དང་། ཡང་རིམས་ནད་ཕོག་པའི་དགེ་འདུན་པ་༡༥༣གྱི་ཁོངས་སུ་དགུང་གྲངས་༨༢ལ་ཕེབས་པ་ཞིག་འདུག་ཀྱང་། ཁོང་གི་གནས་སྟངས་ཛ་དྲག་གང་ཡང་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་ཕོག་པའི་དགེ་འདུན་པ་༡༥༢དེ་དག་རྒྱུད་སྟོད་གྲྭ་ཚང་རང་དུ་ཟུར་བཀག་འོག་བཞག་འདུག
སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༡ བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ ནད་པ་མི་གྲངས་ས་ཡ་༡༡༤ལྷག་བྱུང་བའི་ཁྲོད། མི་གྲངས་ས་ཡ་གཉིས་དང་འབུམ་ལྔ་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།