བོད་ཀྱི་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་ནད་པ་ཐོན་ཡོད་ཀྱང་ད་དུང་བོད་ཁུལ་དུ་རྒྱ་མི་ཡུལ་སྐོར་བ་བཀག་འགོག་བྱེད་ཀྱི་མེད་པ།

2021.10.25
Share on WhatsApp
Share on WhatsApp
བོད་ཀྱི་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་ནད་པ་ཐོན་ཡོད་ཀྱང་ད་དུང་བོད་ཁུལ་དུ་རྒྱ་མི་ཡུལ་སྐོར་བ་བཀག་འགོག་བྱེད་ཀྱི་མེད་པ། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གསར་འགྱུར་ཁང་གིས་རིམས་ནད་དང་འབྲེལ་ནས་དཀྲོག་གཏམ་སྤེལ་རྐྱེན་མི་སྣ་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་སྤེལ་ཡོད་པ་།
Reuters/ Representational Photo

ཉེ་བའི་ཉིན་ཤས་ནས་བཟུང་རྒྱ་ནག་ནང་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་པ་དང་བསྟུན། བོད་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མཚོ་ཤར་དུ་རྒྱ་རིགས་ཡུལ་སྐོར་པ་ནད་པ་གཅིག་དང་། དེ་བཞིན་ཀན་སུའུ་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་གྱི་རྫོང་ཁག་ཅིག་ནང་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་ནད་རྟགས་ཡོད་མཁན་བརྒྱུད་ཡོད་པའི་གནས་ཚུལ་དང་འབྲེལ། རྒྱ་ནག་གཞུང་གིས་ས་ཁུལ་དེ་དག་ནང་འབྲེལ་ཡོད་ཚོར་དང་བརྟག་དཔྱད་དང་གནད་འགག་ཆེ་སར་འགྲིམས་འགྲུལ་སོགས་བཀག་འགོག་བྱེད་བཞིན་ཡོད་ཀྱང་། སྤྱི་ཡོངས་ནས་རྒྱ་མི་ཡུལ་སྐོར་བ་བོད་ནང་ཡོང་བར་བཀག་འགོག་གང་ཡང་བྱེད་ཀྱི་མེད་སྐོར་བོད་ནང་གི་འབྲེལ་ཡོད་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདི་ཚེས་༢༢ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ནང་རྒྱ་མི་ཡུལ་སྐོར་བ་ནད་རྟགས་ཅན་ཞིག་དང་། དེ་བཞིན་མཚོ་སྔོན་འཇུ་ལག་དང་། ཀན་སུའུ་ཞིང་ཆེན་བླ་བྲང་དང་གཙོད། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་དང་ལྷ་མོ་གྲོང་བརྡལ་སོགས་སུ་རྒྱ་མི་ཏོག་དབྱིབས་ནད་རྟགས་ཅན་བརྒྱུད་པ་ཤེས་རྟོགས་བྱུང་རྗེས། ས་ཁུལ་དེ་དག་གི་བོད་མི་ཚོས་རང་འགན་རང་ཁུར་གྱིས་ཡུལ་སྐོར་བ་ཡོང་སའི་ས་ཚིགས་ཁག་ཏུ་ཞིབ་བཤེར་དང་བརྟག་དཔྱད་བྱེད་འགོ་བཙུགས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་གནས་སྐབས་རིང་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་དགོན་པ་ཡུལ་སྐོར་བར་སྒོ་མི་ཕྱེ་བའི་གསལ་བསྒྲགས་སྤེལ་ཡོད་པ་དང་། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ད་ལྟའི་ཆར་བོད་མི་ཚོས་ཕྱོགས་ཡོངས་ནས་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་ཀྱང་། གཞུང་ཕྱོགས་ནས་ཛ་དྲག་པོ་དེ་འདྲ་བརྩི་ཡི་མེད་པར། སློབ་གྲྭ་ཁག་ནང་བརྟག་དཔྱད་ཙམ་ལས་སྒོ་བརྒྱབ་པ་སོགས་བྱེད་ཀྱི་མེད་སྐོར་བརྗོད་བྱུང་།
འདས་པའི་བདུན་ཕྲག་གཅིག་ནང་རྒྱ་ནག་གི་ཞིང་ཆེན་༡༡ནང་ཏོག་དབྱིབས་རིམས་ནད་ཁྱབ་འགོ་ཚུགས་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་རིག་གཞུང་དང་ཡུལ་སྐོར་བློན་ཆེན་གྱིས་གསལ་འགོད་གསལ་བསྒྲགས་དང་འབྲེལ། རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་ནང་ཡུལ་སྐོར་བ་འགྲོ་བསྐྱོད་ཐད་ཚོད་འཛིན་དང་བརྟག་ཞིབ་དོ་ནན་དགོས་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་ཡུལ་སྐོར་བ་གཏན་འགོག་བྱེད་བཞིན་ཡོད་ཀྱང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཞིང་ཆེན་གཞན་ནས་ཡོང་མཁན་ཚོར་ཏོག་དབྱིབས་བརྟག་དཔྱད་ཀྱི་གྲུབ་འབྲས་དགོས་པའི་གསལ་བསྒྲགས་སྤེལ་བ་ལས། སྔར་བཞིན་རྒྱ་མི་ཡུལ་སྐོར་བ་འཕོན་ཆེ་ཡོང་བཞིན་ཡོད་པ་མ་ཟད། ཕོ་བྲང་པོ་ཏཱ་ལ་དང་ཇོ་ཁང་སོགས་ཡུལ་སྐོར་བར་སྒོ་ཕྱེ་ནས་ཡོད་སྐོར་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་། ཕྱི་ཚེས་༢༤བར་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་ཏོག་དབྱིབས་ནད་པ་༡༣༣ཐོན་ཡོད་པ་དང་། ནད་པ་དེ་དག་ནས་མང་ཆེ་བ་ཡུལ་སྐོར་བ་དང་འབྲེལ་བ་བྱུང་བ་ཤ་སྟག་ཡིན་སྐོར་རྒྱ་ནག་གཞུང་གིས་བརྗོད་བཞིན་ཡོད་པ་དང་། དེ་བཞིན་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་སྤྱི་ཚོགས་དྲ་ལམ་ཁག་ནང་གནས་ཚུལ་གང་བྱུང་སྤེལ་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གསར་འགྱུར་ཁང་གིས་རིམས་ནད་དང་འབྲེལ་ནས་དཀྲོག་གཏམ་སྤེལ་རྐྱེན་མི་སྣ་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་སྤེལ་ཡོད་ན་ཡང་། མི་སྣ་དེ་གཉིས་ཀྱི་མིང་དང་ཞིབ་ཕྲའི་གནས་ཚུལ་སོགས་གསལ་ཁ་གང་ཡང་མེད་ཀྱང་། མི་མང་ལ་དྲ་ལམ་ཁག་ཏུ་གང་བྱུང་སྤེལ་བ་ཡིན་ན་གོང་ཞུས་མི་སྣ་གཉིས་བཞིན་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་བཀོད་འདུག
ད་ལྟའི་ཆར་རྒྱ་ནག་ནང་ཁྱབ་པའི་ཏོག་དབྱིབས་རིམས་ནད་དེ་བཞིན་རྣམ་པ་འགྱུར་བའི་ཌེལ་ཊ་རིམས་ནད་ཡིན་སྐོར་བརྗོད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིར་ཁྱབ་གདལ་འགྲོ་བཞིན་པའི་རིམས་ནད་དེ་ཕྱིའི་རྒྱལ་ཁབ་ནས་རྒྱ་ནག་ནང་ཁྱབ་པ་ཞིག་ཡིན་པ་དང་། རིམས་ནད་ཀྱི་མཆེད་ཁུངས་ཡུལ་སྐོར་བ་ཚོ་ཚོགས་པ་བྱས་ཏེ་འགྲོ་བསྐྱོད་བྱེད་མཁན་གྱི་ཚོགས་པ་༡༣་དང་འབྲེལ་བ་ཡོད་སྐོར་བརྗོད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎