བོད་ནང་ནད་ཡམས་སྔོན་འགོག་སྐབས་ལས་བྱེད་ཁག་ཅིག་གི་བྱ་སྤྱོད་ལ་ངོ་རྒོལ་སྐྱོན་བརྗོད་ཡོང་བཞིན་འདུག

2022.11.24
Share on WhatsApp
Share on WhatsApp
བོད་ནང་ནད་ཡམས་སྔོན་འགོག་སྐབས་ལས་བྱེད་ཁག་ཅིག་གི་བྱ་སྤྱོད་ལ་ངོ་རྒོལ་སྐྱོན་བརྗོད་ཡོང་བཞིན་འདུག རྩེ་ཁོག་ཕྱོགས་སུ་ནད་ཡམས་སྔོན་འགོག་གི་སྒྲིག་ཁྲིམས་དང་འགལ་ཚུལ་གྱིས་མི་མང་ལ་ཉེས་ཆད་གཅོད་བཞིན་པ། ༡༡།༢༠༢༢
སྤྱི་ཚོགས་དྲ་ལམ།

ཉེ་ཆར་སྤྱི་ཚོགས་དྲ་ལམ་ན། མདོ་སྨད་རྩེ་ཁོག་གི་ས་ཁུལ་ཞིག་ཏུ་རྒྱ་ནག་གཞུང་གི་ནད་ཡམས་སྔོན་འགོག་གི་སྲིད་ཇུས་དང་འགལ་བར་བསྙད་ནས་བོད་མི་བཅུ་ཙམ་ཞིག་གི་ལག་པ་གཉིས་གནམ་ལ་བཀྱགས་ནས་ཕྲེང་བསྟར་བསྒྲིགས་བཅུག་སྟེ་ཉེས་ཆད་གཅོད་ཀྱིན་པའི་བརྙན་ཐུང་ཞིག་ཁྱབ་ཡོད་པ་དང་། བརྙན་ཐུང་དེ་ལ་རྐྱེན་བྱས་ཏེ་རྩེ་ཁོག་གི་ཡིན་ཟེར་ཞིང་དྲ་མིང་ལ་མདོ་སྨད་པ་ཟེར་བའི་ཕོ་གསར་ཞིག་གིས་མང་ཚོགས་ལ་མཐོང་ཆུང་བྱེད་མཁན་འབྲེལ་ཡོད་གཞུང་གི་ལས་བྱེད་པ་དེ་དག་གི་བྱ་སྤྱོད་ལ་སྐྱོན་འཛུགས་དང་ཐ་ཚིག་བསྒྲགས་ཡོད་པ་རེད།
དེ་ཡང་དྲ་མིང་ལ་མདོ་སྨད་པ་ཟེར་བ་ཁོང་གིས་བཤད་པར་གཞིགས་ན། དོན་རྐྱེན་བྱུང་ས་དེ་མདོ་སྨད་རྩེ་ཁོག་གི་ཡུལ་ཚོ་ཞིག་ཡིན་ཞིང་། ཁོང་གིས་གཞུང་གི་ལས་བྱེད་པ་དེ་ཚོའི་བྱ་སྤྱོད་ནི་མི་དམངས་ལ་ཐུབ་ཚོད་དང་མི་དམངས་ཀྱི་དད་མོས། མི་གཞིའི་རིན་ཐང་སོགས་རྡོག་བརྫིས་བཏང་ནས། ང་བརྒྱད་དང་རེ་བརྒྱད་ནང་ཇི་བཞིན་མི་ཚོ་ཕྲེང་བསྟར་བསྒྲིགས་ནས་ཡར་ལངས་བཅུགས། ལག་པ་གཉིས་གནམ་ལ་བཀྱགས་བཅུགས་ཏེ་ཚབས་ཆེ་བའི་བརྙས་བཅོས་བྱས་འདུག་ཅེས་སྐྱོན་འཛུགས་བྱས་འདུག
དེ་མིན་ཁོང་གིས། འབྲེལ་ཡོད་བོད་མི་དེར་ང་ཚོས་ཁ་པར་བརྒྱུད་འབྲེལ་བ་བྱས་པ་ཡིན། ཡིན་ནའང་ང་ཚོར་དགོངས་དག་ཞུས་པ་ཙམ་གྱི་རྩ་བ་ནས་མི་འགྲིག རྒྱལ་ཁབ་ཀྱི་ཁྲིམས་དང་རྒྱལ་གཅེས་དམངས་གཅེས་ཟེར་བའི་རྟགས་ཐོན་པའི་སྒོ་ནས་རྩེ་ཁོག་མི་དམངས་ཀྱི་མཐོང་རྒྱུ་དང་གོ་རྒྱུ་ཡོད་པའི་དགོངས་དག་ཅིག་ངེས་པར་ཞུ་དགོས། གལ་ཏེ་གནས་ཚུལ་འདི་ཇེ་ཆེ་སོང་ན་ང་ཚོར་མཚོན་ན་ཡག་པོ་ཞིག་མིན་ལ། དེ་བཞིན་དུ་བྱ་སྤྱོད་དེ་སྤེལ་མཁན་དང་བྱ་སྤྱོད་དེ་རིགས་ལ་ཁ་ཡ་མི་བྱེད་པའི་གཞུང་ཚང་མ་ལོད་ལ་ཡག་པོ་ཞིག་རྩ་བ་ཉིད་ནས་མིན། རྒྱུན་མཚན་དེར་གཞིགས་ནས་གཞུང་གི་འགོ་ཁྲིད་རྣམས་པ་དང་མང་ཚོགས་ཀྱི་སྐྱིད་སྡུག་གཙོ་བོ་བྱེད་མཁན་ཚོས་ནད་ཡམས་འགོག་ན་ལུགས་མཐུན་ཁྲིམས་མཐུན་ཞིག་འགོག་རོགས། དྲིལ་བསྒྲགས་བྱེད་ན་ལུགས་མཐུན་ཁྲིམས་མཐུན་ཞིག་སྒྲོག་རོགས། དེ་ལྟར་མ་བསྒྲུབ་ན་རང་དགར་འཇོག་མི་སྲིད་ཅེས་བཤད་འདུག
དེ་མིན་ཡང་མདོ་སྨད་པ་ཟེར་བ་དེས། སྤྱིར་བཏང་ཡིན་ན་ང་ཚོ་མང་ཚོགས་ཚོར་ཁྲིམས་འགལ་ཡིན་ལུགས་འཛིན་རྒྱུ་ཡིན་ལུགས་སོགས་འཇིགས་སྐུལ་བྱེད་རྐྱང་བྱས་ཡོད། གལ་ཏེ་འདི་ཁྲིམས་དང་འགལ་བ་ཞིག་དང་འཛིན་དགོས་པ་ཞིག་ཡིན་ན་ཐོག་མར་བཤད་མཁན་ང་ཡིན་ཐོག་མར་བསྒྲགས་མཁན་ཡང་ང་ཡིན་ཞེས་ངོས་ལེན་བྱས་འདུག
དེ་བཞིན་དུ་ཡང་ཁོང་གིས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་རེད་ཅེས་བྱས་ཉེས་ཀྱི་ངོ་བོ་ངོས་འཛིན་བྱས་པ་དང་། ཆབས་ཅིག་ཏུ་གཞུང་གི་ལས་བྱེད་ཚོས་ཁྲིམས་དང་འགལ་ནས་མང་ཚོགས་ལ་བརྙས་བཅོས་བྱས་ཆོག་ན། མང་ཚོགས་ཀྱིས་ཁོང་ཚོས་གན་བྱས་སོང་འདི་བྱས་སོང་ཞེས་ཡར་ཞུས་མི་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། ངའི་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོ་ལུག་དང་ཟོག་འདོགས་འདོགས་བྱས་ཏེ་བརྙན་དང་པར་བླངས་ནས་བརྙས་བཅོས་བྱས་ཏེ་འཛམ་གླིང་དྲ་རྒྱའི་སྟེང་ཁྱབ་འདུག འདི་ལ་འགན་ཁུར་མཁན་སུ་ཡིན་ནམ་ཞེས་ཚ་འདྲི་བྱས་འདུག
བརྙན་ཐུང་གི་མཇུག་ཏུ་གོང་དུ་བཤད་པ་དེ་ཚང་མ་འགན་འཁུར་ཐུབ་པའི་སྒང་ནས་བཤད་པ་དང་བསྒྲགས་པ་ཡིན། ཚང་མས་བརྒྱུད་བཀོད་དང་ངོ་རྒོལ་བྱེད་རོགས་ཞེས་འབོད་སྐུལ་གནང་འདུག
ཡང་དེའི་ཐད་བོད་ནང་གི་རྩོམ་པ་པོ་ཞོགས་ལྗང་གིས་རྩོམ་ཐུང་ཞིག་བྲིས་འདུག་པའི་ནང་། ཉེ་བའི་དུས་སུ། རིམས་ནད་ལ་ཁ་གཡར་ཏེ་མང་ཚོགས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་སྦྱོར་བ་གང་སར་མཐོང་། ཁ་སང་རྩེ་ཁོག་གི་མང་ཚོགས་སྐོར་ཞིག་རྒྱ་ལམ་འགྲམ་དུ་བཀག་ཏེ། ལག་པ་གཉིས་ཀ་ཡར་བཀྱགས་ནས་བསླངས་འདུག ད་དུང་ངར་སྐད་འཛེར་འཛེར་གྱིས་གཤེ་བཞིན་འདུག རང་རེ་རྣམས་ད་དུང་གཉའ་གནོན་དང་བརྙས་བཅོས་ཀྱིས་དུས་འདའ་བ་མི་སྲིད། སོ་སོས་ཁྲིམས་དང་མཐུན་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ཁྲིམས་དང་མཐུན་པའི་རང་དབང་ལོངས་སུ་སྤྱོད་དགོས།
མང་ཚོགས་སྒྲིག་དང་འགལ་ནས་སྲང་ལ་སོང་བ་སྐབས་ཀྱི་སྲིད་དོན་རེད། དེ་དག་སྲང་ལ་བཤར་ནས་བརྙས་དམོད་གཏོང་བ་ཡུན་གྱི་ཁྲིམས་དོན་རེད། མང་ཚོགས་ལ་དེ་མཚུངས་ཀྱི་སྐྱོན་བརྗོད་བྱེད་པ་དང་བློ་སྒོ་འབྱེད་པ། སྲིད་ཇུས་སྒྲོག་པ་སོགས་ལེགས་པའི་སྦྱོར་བ་སྤེལ་འོས་མོད། མང་ཚོགས་ལ་ངར་སྐད་བསྒྲགས་ཏེ་དབང་ཆ་ལོག་པར་སྤྱོད་པ་དང་། བརྙན་དུ་ཕབ་ནས་ནོར་དུ་བསྙད་པ་སོགས་སྐྱི་གཡའ་བའི་ལས་ལ་ཅི་བྱའམ། བསྟུད་མར་ཟླ་ངོ་མང་པོར་རིམས་ནད་ཀྱིས་བཙིར་བས་རྒྱལ་ཡོངས་མི་དམངས་ཟིང་ཟིང་དུ་གྱུར་པའི་སྐབས་ལ། མང་ཚོགས་ཀྱི་ལས་དོན་སྒྲུབ་པ་དག་ནི་མང་ཚོགས་ཀྱི་སེམས་གསོ་བ་དང་དོན་ལེགས་པར་སྒྲུབ་པ་གཅེས་མོད། འཇིགས་སྐུར་བ་དང་དབང་ཆ་ལོག་པར་སྤྱོད་པ་ཞེད་ཚ། རྒྱལ་ཁབ་གང་ཞིག་ཞི་བདེ་རང་དབང་གི་ངང་དུ་གནས་པ་ལ། མང་ཚོགས་རྣམས་བློ་བདེ་བག་ཕེབས་སུ་གནས་པ་གལ་ཆེ། དམངས་སེམས་འཁྲུགས་པས་རྒྱལ་སྲིད་བརྟན་པའི་ལོ་རྒྱུས་ནི་སྐལ་བ་གྲངས་མེད་ལ་བཙལ་ཡང་ག་ལ་རྙེད།
དེ་ལས་ཀྱང་ཞེད་སྣང་ཚ་བ་ནི། བརྙན་ཐུང་དེ་ཚོགས་པ་སོགས་གཞན་ལ་བརྒྱུད་བསྐུར་བྱེད་མི་རུང་བའི་བཀའ་བསྒྲགས་པ་དེའོ།། ད་ལྟ་མང་ཚོགས་ཀྱི་སྟོབས་ཤུགས་ནི་བརྙན་ཐུང་གང་སར་བསྐུར་ནས་རང་གི་ཐོབ་ཐང་རྩོད་རྒྱུ་དེ་ཡིན། དེ་ཙམ་གྱི་རང་དབང་ཡང་མེད་པ་གང་ཞིག རང་དབང་གཞན་ནི་བཙལ་ཡང་རྙེད་པའི་ཡུལ་མེད་པས་སྐྱི་གཡའ་བ་ལ། ཞེས་བྲིས་འདུག


གསར་འགོད་པ། སྟག་ལྷ་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎