༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་གནང་པའི་ཕེབས་ལམ་དུ་༧སྐུ་ངལ་གསོ་ཆེད་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཞབས་སོར་བདེ་བར་འཁོད་ཡོད།

2024.06.22
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་གནང་པའི་ཕེབས་ལམ་དུ་༧སྐུ་ངལ་གསོ་ཆེད་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཞབས་སོར་བདེ་བར་འཁོད་ཡོད།
OHHDL

སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་གསུང་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ༢༠༡༨ ལོར་སུད་སིར་ཆིབས་བསྒྱུར་གནང་བའི་རྗེས་ད་ཐེངས་ཡུལ་དེར་ཞབས་སོར་འཁོད་པ་ཐོག་མ་ཆགས་ཡོད་འདུག  ད་ཐེངས་༧སྐུའི་༧ཞབས་པུས་འཕྲོད་བཞེས་ཆེད་ཨ་རིར་ཆིབས་སྒྱུར་གནང་གི་ཡོད་པས་སུད་སིའི་ས་གནས་བོད་མི་ཁོ་ན་ཙམ་མིན་པར་བོད་མི་ཚང་མའི་སེམས་ལ་ཚོར་བ་ཤུགས་ཆེན་པོ་བྱུང་གི་ཡོད་པས། དེ་རིང་འཇར་མན་ནི་དང་ཧྥི་རན་སི་སོཊ་ཡོ་རོབ་ཡུལ་གྲུ་འདྲ་མིན་ནས་བོད་མི་ཉིས་སྟོང་ནས་སུམ་སྟོང་མ་ཟིན་ཙམ་ཆེད་བཅར་གྱིས་ཕེབས་ལམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་དང་ཞལ་མཇལ་ཞུས་ཡོད་འདུག   སྐབས་དེར་བཀྲིས་ཞོལ་པ་འཁྲབ་སྟོན་གནང་མཁན་དང་དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་ལ་ཐུགས་དགྱེས་ཚོར་ཆེན་པོས་ཡུན་ཙམ་རིང་གཟིགས་ཞིབ་གནང་འདུག  དེ་རིང་མཚན་གཅིག་སུད་སི་ནང་སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཡིན་པ་རེད།

ཨེ་ཤེ་ཡ་ེང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པས་བརྗོད་དོན་ལྟར་ན་བོད་མི་དད་ལྡན་པ་སྟོང་ཚོ་འགའ་ཤས་ཀྱིས་ཆུ་ཚོད་འགའ་ཤས་རིང་ཆར་པ་བཏང་མིན་ལ་མ་བལྟོས་པར་དགའ་དད་སྤྲོ་གསུམ་གྱིས་ངང་སྒུག་བྱས་ནས་བསྡད་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་མགྲོན་ཁང་མདུན་༧ཞབས་སོར་འཁོད་སྐབས་ཆར་པ་ཆད་སོང་ཞེས་དང་མི་མང་མང་ཆེ་བས་ཆིབས་ཌོ་ནང་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་དང་མགྲོན་ཁང་ནང་ཡོད་པའི་དད་ལྡན་པ་ཚོས་ཕེབས་ལམ་དུ་ཞལ་མཇལ་ཡག་པོ་བྱུང་ཡོད་འདུག

འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་དད་ལྡན་པ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགའ་ལྡན་ཕོ་བྲང་གི་༧སྐུ་སྒེར་གྱི་ངོ་དེབ་དྲ་རྒྱའི་ཐོག་ཕེབས་ལམ་དུ་དུས་ཡུན་སྐར་མ་ ༩ཙམ་རིང་༧ཆིབས་སྒྱུར་མཛད་སྐབས་ཐད་གཏོང་གནང་ཡོད་པ་དེའི་བརྒྱུད་ནས་མཇལ་ཐུབ་པ་བྱུང་འདུག

ཕྱི་ཚེས་༢༣་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་སྒྱུར་མཛད་ཀྱི་ཡོད་པ་རེད། དེ་ཡང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཆེད་དུ་ཆིབས་སྒྱུར་གནད་པ་ཞིག་དང་དེར་བྱང་ཨ་རིའི་ནང་ཡོད་པའི་རྒྱ་ཆེའི་མང་ཚོགས་ཡོངས་ནས་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་ཉིན་ཁ་ཤས་གོང་བསྒྲགས་ཡོད་པ་རེད།  ལྷག་པར་དུ་ཉེ་ལམ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་སྐབས་བཀའ་ལུང་ཕེབས་དོན་ལྟར། ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཆེད་ཕེབས་རྒྱུར་ཚང་མས་ཐུགས་འགན་ཆེ་བཞེས་ཀྱིས་སྨན་ལྷའི་གཟུངས་སྔགས་གསོག་སྒྲུབ་ཞུ་དགོས་གལ་ཆེན་པོ་ཡིན་པ་དང་། དེ་ཡང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་གལ་ཆེ་དོན་ཆེན་གྱིས་ཐུགས་འགན་བཞེས་སྟེ་ད་ཆ་བོད་རིགས་ཡོད་དོ་ཅོག་གི་འཛམ་གླིང་ས་གནས་གང་སར་༧སྐུའི་འཕྲོད་བཞེས་ཀྱི་ཆེད་སྨན་ལྷའི་གཟུངས་གསོག་སྒྲུབ་གནང་བཞིན་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག

ཨ་རིའི་ནིའུ་ཡོག་དང་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་བསྒྲགས་སྤེལ་བ་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༦ཚེས་༢༣སྟེ་རེས་གཟའ་ཉི་མའི་ཉིན་གྱི་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་བརྒྱད་པའི་ཐོག་ནིའུ་ཇར་སིའི་ཊེ་ཊར་སྦོ་རོ་གནམ་ཐང་དུ་༧ཞབས་སོར་འཁོད་ཀྱི་ཡོད་པ་དང་། དེ་ནས་ཆུ་ཚོད་ ༩།༣༠ ཐོག་ནིའུ་ཡོག་གྲོང་ཁྱེར་གྱི་ Park Hyatt གསོལ་མགྲོན་ཁང་དུ་༧ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་རེད།

ད་ལྟ་ནས་ཉེ་འཁོར་ས་གནས་ཁག་མང་པོ་ཞིག་ནས་བོད་མི་རྣམས་སྤྱི་སྤྱོད་རླངས་འཁོར་གླས་ནས་ཕེབས་བསུར་བཅར་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པར། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་དམིགས་བསལ་ལམ་སྟོན་གནང་བའི་ནང་། ཕེབས་བསུར་བཅར་མཁན་མི་མང་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནམ་ཐང་དུ་༧ཞབས་སོར་འཁོད་སྐབས་དང་། དེ་བཞིན་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་གྲལ་སྒྲིག་ནས་ཕེབས་བསུ་ཞུ་རྒྱུ་ལས། ཚང་ཁ་རྒྱག་པ་དང་།མཇལ་དར་དང་མེ་ཏོག་གཡུག་པ་སོགས་གཏན་ནས་མ་གནང་རོགས་ཞེས་འབོད་སྐུལ་གནང་འདུག

གསལ་བསྒྲགས་དེའི་ནང་ད་དུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁུལ་དུ་གཙོ་བོ་ཞབས་པུས་སྨན་བཅོས་མ་གཏོགས། དེ་སྔ་མི་མང་ལ་མཇལ་ཁ་གནང་པ་སོགས་ཀྱི་དམིགས་བསལ་མཛད་འཆར་རིགས་གང་ཡང་བསྒྲིགས་མེད་ཅིང་། རིམ་བཞིན་༧སྐུའི་འཕྲོད་བཞེས་ཡོངས་སུ་གྲུབ་རྗེས་དམིགས་བསལ་མཛད་རིམ་ཡོད་ན་གསལ་བསྒྲགས་གནང་རྒྱུ་ཡིན་ཞེས་གསུང་འདུག

ཟླ་ ༦ ཚེས་ ༢༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་༧ཆིབས་ཐོན་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པ་ཚོར་སྨན་པས་བདུན་ཕྲག་འགའ་ཤས་ནང་༧སྐུའི་ཞབས་པུས་གཤག་གཅོད་ལེགས་གྲུབ་རྗེས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་གོམ་བསྐྱོན་ཐུབ་རྒྱུའི་ཚོད་དཔག་གནང་གིན་ཡོད་པ་གསུངས་བྱུང་། ཐེངས་འདིའི་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་གནང་རྒྱུ་འདི་ནི་ཕྱི་ལོ་ ༢༠༡༧ རྗེས་ཐོག་མ་དེ་ཆགས་ཡོད་པ་རེད།།

གསར་འགོད་པ་། རབ་སྒང་ཚེ་རིང་ཕུན་ཚོགས་།བསོད་ནམས་ལྷ་མོ་།

རྩོམ་སྒྲིག་འགན་འཛིན་།རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎