བཙན་དབང་འོག་ནས་བྲོས་ཡོང་པ་ཡིན་དུས་བཙན་བྱོལ་བོད་མི་ཚོར་དམིགས་བསལ་བོད་སྤྱི་བའི་རྩ་དོན་ཆེད་ཀྱི་འགན་འཁྲི་ཡོད་པ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
དེ་ཡང་ཕྱི་ཟླ་ ༨ ཚེས་༡༣་གཟའ་ཟླ་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་དགེ་སློབ་ཡོངས་ལ་བཀའ་སློབ་བསྩལ་བའི་ནང་། བོད་པའི་ཤེས་ཡོན་སློབ་གཉེར་གྱི་བྱ་གཞག་ཐོག་ད་བར་དཀའ་ལས་རྒྱག་མཁན་འདས་གསོན་ཡོངས་དང་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་དང་རྒྱལ་ཁབ་གཞན་དག་གི་མི་སྣ་དག་ལ་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཡང་༧གོང་ས་མཆོག་གིས་སྔ་མོའི་དུས་སུ་བོད་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཀྱང་། ཕྱིས་སུ་བོད་སིལ་བུར་ཐོར་ནས་ཆབ་སྲིད་ཀྱི་ཐོག་ཉམ་ཆགས་ཕྱིན་ཡོད་ན་ཡང་། བོད་མིས་འཛམ་གླིང་གི་གཅེས་ནོར་ལྟ་བུར་གྱུར་ཡོད་པའི་དཔལ་ན་ལེནྜའི་ལྟ་གྲུབ་མུ་མཐུད་རྒྱུན་འཛིན་གནང་ཐུབ་ཡོད་པ་ནི་སྤོབས་པའི་གནས་ཞིག་ཡིན་པའི་སྐོར་གསུང་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གིས་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་བོད་མིའི་ཐོག་བཙན་དབང་གཉའ་གནོན་རབ་དང་རིམ་པ་བྱས་ཡོད་ནའང་། བོད་མི་ཚོའི་མི་རིགས་ཀྱི་ཞེན་ཁོག་དང་སེམས་ཤུགས་ལ་ཉམས་པ་མེད་པར་མུ་མཐུད་གནས་ཡོད་ཅེས་གཞིས་ལུས་བོད་མིའི་ལྷག་བསམ་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་དང་། བཙན་བྱོལ་ནང་གི་བོད་མི་ཚོར་དམིགས་བསལ་བོད་སྤྱི་པའི་རྩ་དོན་ཆེད་ཀྱི་འགན་འཁྲི་ཡོད་པ་བཀའ་བསྩལ་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་མཚོ།
0:00 / 0:00
0:00 / 0:00