བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཡིན། བཀའ་ཤག་གིས།

2021-07-06
Share
བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཡིན། བཀའ་ཤག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོའི་ཐོག ༧།༦།༢༡
RFA/Dhasa

བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཡིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གསུངས་གནང་སོང་།
སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༧་པའི་ཚེས་༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་གཞུང་འབྲེལ་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བཀའ་ཤག་གི་གསུངས་འཕྲིན་ནང་། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་ལ་སློབ་སྦྱོང་དང་ཉམས་ལེན་ཚུལ་བཞིན་ཞུས་ཏེ། ལྷ་དགོངས་འཁྲུག་གཞིའི་ལས་ངན་མི་གསོག་པ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དོན་མེད་ཁ་འཛིང་དང་། ཕྱོགས་རིས་འཐེན་འཁྱེར་མི་བྱེད་པར་སྤྱི་ཚོགས་བདེ་དོན་ལ་བསམ་ཤེས་དང་། ད་ལྟའི་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འོག བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གསེར་ལྟ་བུའི་གོ་སྐབས་དམ་འཛིན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞལ་རས་དུས་རྟག་ཏུ་ཡིད་ལ་ཤར་བའི་ཐོག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཡིན་པ་གདོན་མི་ཟ་བས། རང་ཅག་ཚང་མས་ཁེ་ཉེན་དགེ་སྡིག་གི་སྤང་བླང་ཚུལ་བཞིན་གནང་སྐྱོང་གི་འབོད་བསྐུལ་ཞུ་ཡོད་པ་རེད།
ཡང་བཀའ་ཤག་གི་གསུང་བཤད་ནང་། ད་ཆ་ལས་ངན་སྨོན་ལམ་ལོག་པ་རེ་ཟུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་ལན་ལོག་འཇལ་གྱིས་གཞི་མེད་སྒྲོ་སྐུར་མངོན་སུམ་འཛེམས་མེད་དུ་ཡོང་བཞིན་པ་འདི་དག་ལ་མཐའ་གཅིག་ཏུ་གདོང་ལེན་བྱ་རྒྱུ་ཡིན་ཞེས་དང་། ༧གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ཅིག་ཡིན་པ་རྒྱ་ནག་གཞུང་གིས་ངོས་འཛིན་གྱིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་རྒྱ་ནག་ལ་གཟིགས་སྐོར་དུ་ཞབས་སོར་འཁོད་ཐབས་བསམ་ཞིབ་གང་མགྱོགས་ཡོང་བར་རྒྱ་གཞུང་ལ་འབོད་སྐུལ་ཞུས་གནང་སོང་།

penpa-tsering2.jpg
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་ཡོད་ཅིང་། ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། ༧མགོན་པོ་མཆོག་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་དང་ཆབས་ཅིག རྒྱ་ཆེའི་མང་ཚོགས་ནས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པར་གཙོ་བོ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་གསུངས་གནང་སོང་ལ། དགའ་ལྡན་ཁྲི་ཐོག་༡༠༤་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཁོང་ལ་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པ་དེ་དག་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་དགོས་པ་དེ་འཁྲུངས་སྐར་སྲུང་བརྩི་གཙོ་བོ་ཞིག་ཡིན་པ་གསུངས་གནང་སོང་ལ། དེ་བཞིན་སྨན་རི་ཁྲི་འཛིན་༣༤་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། རྒྱལ་དབང་ཀརྨ་པ་རིན་པོ་ཆེ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག འབྲུག་ཆེན་འཇིགས་མེད་པདྨ་དབང་ཆེན་མཆོག ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ངག་དབང་ཆོས་ཀྱི་སྣང་བ་མཆོག་བཅས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད་པ་རེད།
གཞན་ཡང་བཀའ་ཤག་གི་གསུང་བཤད་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་བརྟེན་ནས། ད་བར་འཛམ་གླིང་གི་ཡོངས་གྲགས་དབུ་ཁྲིད་༤༩༠་ཙམ་ལ་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་མ་ཟད། རྒྱལ་ཁབ་༦༠་ལྷག་ཙམ་ནང་ཐེངས་གྲངས་༣༠༠་མ་ཟིན་ཙམ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཨ་མ་རི་ཀ་གཅིག་པུའི་ནང་ཕྱག་འཁྱེར་༥༠་ཙམ་ཞིག་འབུལ་བཞེས་མཛད་ཡོད་པ་དང་། དེ་བཞིན་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་བྱ་དགའ། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། དབྱིན་ཇིའི་ཇོན་ཌེམ་པལ་ཌོན་གཟེངས་རྟགས་སོགས་རྒྱལ་སྤྱིའི་སྟེང་ཆེ་བསྟོད་དང་གཟེངས་རྟགས་༡༥༠་བརྒལ་བ་འབུལ་བཞེས་མཛད་ཡོད་པ་གསལ་འདུག

དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་བདེ་ལེགས་སྨན་ཁང་ནས་ཕྱི་གཏུགས་ནད་པའི་སྡེ་ཚན་གསར་པ་ཞིག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་བ་དང་སྦྲགས་རིན་པོ་ཆེ་མཆོག་གིས་༧གོང་ས་སྐུ་ཕྲེང་ན་རིམ་གྱིས་བོད་མི་རིགས་ལ་བཀྲིན་བསྐྱངས་གནང་མཛད་པ་བཞིན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བཀྲིན་ཆེ་ཤོས་ཤིག་ཆགས་ཡོད་ཅིང་། ང་ཚོར་འཛམ་གླིང་འདིའི་ནང་སྐྱབས་བཅོལ་བ་ཆགས་ཡོད་ཀྱང་ཁོང་གི་བཀྲིན་ལ་བརྟེན་ནས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བ་ཆགས་ཡོད་པས་བོད་མི་ཚང་མས་བཀྲིན་བསམ་ཤེས་ཀྱིས་ཁུར་མཉམ་ལེན་དགོས་པའི་སྐུལ་མ་གནང་སོང་།

གཞན་བཞུགས་སྒར་ལྷ་རྒྱལ་རིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོང་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནས་འཁུངས་སྐར་སྲུང་བརྩི་དང་སྦྲགས་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཚོགས་པ་ལྔའི་ངོས་ནས་བོད་མི་ནང་ཁུལ་ཆོལ་ཁ་ཆོས་ལུག་གི་ཐེན་ཁྱེར་མེད་པའི་ཐོག་ནས་ཆིག་སྒྲིལ་ཐོག་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོང་གྲུབ་དགོས་སྐོར་གསུང་གནང་སོང་།
དེ་བཞིན་བཞུགས་གཙུག་ལག་ཁང་ཉེ་ཁྲིས་སུ་སྤྱི་ཚོགས་ཞབས་ཞུ་བ་བློ་མ་བློ་བཟང་ལགས་ནས་ཀྱང་རྒྱ་གར་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་( Onkar Singh Nehria ) གཙོས་ས་གནས་ཡུལ་མི་ཁག་གདན་ཞུས་ཀྱིས་མངར་ཟས་བགོས་འགྲེམས་ཀྱི་སྒོ་ནས་གོང་ས་མཅོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།
དེ་བཞིན་བོད་ཕྱི་ཕྱོགས་བོད་མི་གནས་སྡོད་བྱེད་ཡུལ་རྒྱལ་ཁབ་དང་ཡུལ་ལུང་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དགའ་དད་སྤྲོ་གསུམ་ངང་སྲུང་བརྩི་ཞུས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།