༧གོང་ས་མཆོག་གིས་ཇར་མན་ནིའི་སྲིད་བློན་བསྐྱར་འདེམས་བྱུང་བར་འཚམས་འདྲི།
2018.03.16

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་ནིའི་སྲིད་བློན་ལྕམ་(Angela Merkel) མཆོག་སྲིད་བློན་དུ་བསྐྱར་འདེམས་བྱུང་བར་འཚམས་འདྲི་གནང་འདུག
དེ་ཡང་༧གོང་ས་མཆོག་གི་སྐུ་སྒེར་དྲ་རྒྱའི་ནང་བཀོད་སྤེལ་གནང་བའི་འཚམས་འཕྲིན་ནང་། སྐུ་ཉིད་བློ་བསྐྱེད་གནང་མཁན་དང་དབུ་ཁྲིད་བརྟན་པོ་ཞིག་ཡིན་པར་སོང་ཕུགས་རྒྱང་རིང་པོར་གཟིགས་གནང་ཐུབ་མཁན་ཞིག་དང་གཏན་ལྷིང་ལྡན་པ་ཞིག་མཚོན་ཐུབ། ངོས་རང་ཡོ་རོབ་སྤྱི་མཐུན་ལ་ཡིད་སྨོན་བྱེད་མཁན་ཞིག་ཡིན་ལ་དེ་ནི་རང་རང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལས་སྤྱི་པའི་ཁེ་ཕན་གལ་ཆེར་ངོས་འཛིན་གནང་ཡོད་ལ་རྒྱལ་རབས་ལོ་རྒྱུས་ཐོག་ནས་ཡོ་རོབ་ཀྱི་རྒྱལ་ཁབ་ཕན་ཚུན་དེ་སྔོན་དམག་འཐབ་ཡང་བྱེད་མྱོང་ཡོད་པ་རེད།
ཡོ་རོབ་གླིང་ཆེན་ནང་ལོ་ངོ་དྲུག་ཅུའི་རིང་ཞི་བདེ་ཡུན་གནས་བྱུང་བ་དེ་འགྲོ་བ་མིའི་བསམ་བློའི་འཚར་ལོངས་བྱུང་བའི་མཚོན་རྟགས་ཤིག་ཡིན་པར་སོང་དགའ་སྤྲོ་བྱེད་འོས་པའི་གནད་དོན་ཞིག་ཆགས་ཡོད། ངོས་རང་གི་འདུན་པར་ཡོ་རོབ་སྤྱི་མཐུན་བཞིན་མ་འོངས་པར་སྤྱི་མཐུན་དེ་འདྲ་བ་ཨ་ཧྥེ་རི་ཀ་དང་ལྷོ་ཨ་མི་རི་ཀ ཨེ་ཤི་ཡའི་གླིང་ཆེན་བཅས་པའི་ནང་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཀའ་གནང་འདུག
དེ་བཞིན་༧གོང་ས་མཆོག་གི་གསུང་འཕྲིན་དེའི་ནང་། ཆ་མ་རྟོགས་པ་དང་ཟིང་ཆ་ཆེ་བའི་དུས་སྐབས་འདིར་སྐུ་ཉིད་ཀྱི་འགོ་ཁྲིད་ཀྱི་འཇོན་ཐང་གིས་རང་ཉིད་ཀྱི་མི་མང་གི་རེ་བ་དང་མངོན་འདོད་གྲུབ་གནང་བར་རྗེས་སུ་ཡི་རང་ཞུ་གི་ཡོད། དེ་བཞིན་སྐུ་ཉིད་ཀྱིས་འཛམ་གླིང་འདིར་ཞི་བདེ་དང་བྱམས་སྙིང་རྗེ་རྒྱ་ཆེ་བ་ཞིག་ཡོང་རྒྱུའི་རྒྱུན་རིང་གི་ཆོད་སེམས་དེར་ཡིད་སྨོན་ཞུ་གི་ཡོད་སོགས་འཁོད་འདུག
གསར་འགོད་པ་ལྷུན་གྲུབ།