ཨ་རིའི་སྲིད་འཛིན་འོས་ཐོབ་པར་མཇལ་ཐུབ་པའི་ཐུཊ་རེ་ཡོད་པ།


2016-11-11
Share
༧གོང་ས་མཆོག་ལ་ཉི་ཧོང་གི་གསར་འགོད་པས་བཀའ་འདྲི་གནང་སྐབས། ༢༠༡༦།༡༡།༡༠ ༧གོང་ས་མཆོག་ལ་ཉི་ཧོང་གི་གསར་འགོད་པས་བཀའ་འདྲི་གནང་སྐབས། ༢༠༡༦།༡༡།༡༠
Jigme Choephel

༄༅། །༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་འོས་ཐོབ་པ་མཆོག་དང་མ་འོངས་མཇལ་འཕྲད་གནང་ཐུབ་པའི་ཐུགས་རེ་ཡོད་པ་བཀའ་གནང་འདུག དེ་ཡང་སྤྱི་ཟླ་༡༡་ཚེས་༡༠་ཉིན། ཉི་ཧོང་གི་གསར་འགྱུར་བརྙན་འཕྲིན་ཚན་པའི་གསར་འགོད་པ་ལྕམ་ཏོ་མོ་ཀོན་ག་ནོ་ལགས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ཉེ་ལམ་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་སྐུ་ཞབས་ཌོ་ནལཌ་ཏྲམཔ་མཆོག་ཨ་རིའི་སྲིད་འཛིན་གསར་པར་འོས་ཐོབ་བྱུང་ཡོད་པས། འབྱུང་འགྱུར་ཁོང་དང་མཇལ་འཕྲད་གནང་མིན་དགོངས་བསྐོར་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གུ་ཡངས་དང་དམངས་གཙོའི་རིང་ལུགས་གཏིང་ཚུགས་པའི་ཨ་རི་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་མཁན་གཙོ་བོ་ཞིག་ཡིན་པར་ངོས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད།  ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་འདི་ནི་ཨ་མི་རིཀའི་མངོན་འདོད་མཚོན་པ་ཞིག་ཡིན་པ་དང་། འགྱུར་བ་དེ་ཙམ་འགྲོ་གི་རེད་དགོངས་ཀྱི་མིན་འདུག་ཅེས་དང་།  ངོས་ནས་དེ་སྔའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་གོང་འོག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་ཞུས་ཡོད་པ་ལྟར། འབྱུང་འགྱུར་ཡང་སྲིད་འཛིན་གསར་བདམས་སྐུ་ཞབས་ཏྲམཔ་མཆོག་དང་མཇལ་ཐུབ་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་གནང་འདུག།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༠ ཉིན་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་སེ་ཧྥུ་མཐོ་འབྲིང་སློབ་གྲྭ་ཆེ་བའི་སློབ་མ་༣༠༠༠་བརྒལ་བར་དུས་རབས་ ༢༡་པའི་ནང་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་གནང་རྗེས། སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་བསྩལ་གནང་ཡོད་པ་དང་། དེ་ཡང་སློབ་ཕྲུག་གཅིག་གིས། ཆབ་སྲིད་པ་ཚོར་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་གང་ཡིན་ཞེས་པའི་དྲི་བར༧གོང་ས་མཆོག་གིས། དྲང་བདེན་དང་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བྱུང་ན་གཞན་གྱིས་རང་ལ་ཡིད་ཆེས་ཡོད་པ། གཙོ་བོ་གཞན་གྱི་བདེ་སྡུག་ལ་བྱམས་བརྩེའི་བསམ་བློའི་ཐོག་ནས་ལས་ཀ་བྱས་པ་ཡིན་ན་འགོ་ཁྲིད་ཀྱི་ནུས་པ་དེའི་ཐོག་ནས་ཐོན་རྒྱུ་རེད་ཅེས་དང་། 
ཡང་སློབ་མ་གཞན་ཞིག་གིས། རྡུལ་ཕྲན་མཚོན་ཆའི་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དུས་རབས་༢༠འི་འགོ་སྟོད་དུ་མི་ཚོས་འཚེ་བར་ཡིད་ཆེས་བྱས་ཡོད་ཀྱང་། དུས་རབས་དེའི་མཇུག་ཙམ་ནས་འཛམ་གླིང་ཞི་བདེའི་ཐོག་བསམ་བློ་བཏང་ཡོད། ལྷག་པར་དུ་ཉི་ཧོང་ལ་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ཐེངས་གཉིས་ལ་ཕོག་ཡོད་སྟབས། ཁྱེད་ཚོས་རིམ་བཞིན་རྡུལ་ཕྲན་མཚོན་ཆ་ཇེ་ཉུང་དང་མཐར་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཐབས་བྱེད་དགོས་ཞེས་བཀའ་ལན་བསྩལ་ཡོད་པ་རེད།།

གསར་འགོད་པ་སྟག་ལྷ་རྒྱལ་དང་། རིག་འཛིན་ཆོས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།