བརྟག་དཔྱད་བྱས་པ་བརྒྱུད་༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་རེད།


2018-01-31
Share
༧གོང་ས་མཆོག་གྷ་གྷལ་གནམ་ཐང་དུ། ༢༠༡༨།༡།༣༡ ༧གོང་ས་མཆོག་གྷ་གྷལ་གནམ་ཐང་དུ། ༢༠༡༨།༡།༣༡
RFA

ལྡི་ལི་ནས་སྐུ་གཟུགས་བརྟག་དཔྱད་བྱས་སྐབས་སྐུ་ཁམས་སྔར་བཞིན་གསལ་ཐང་ཡིན་པ་༧གོང་ས་མཆོག་གིས་གྷ་གྷལ་གནམ་ཐང་ནས་གསུངས་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་གཞིར་བཟུང་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་དང་། དེ་ནས་གནས་མཆོག་ཝ་ར་ན་སི། གནས་མཆོག་རྡོ་རྗེ་གདན་བཅས་ཀྱི་ནང་མཛད་རིམ་ཁག་དུ་མ་བསྐྱངས་གནང་མཛད་དེ། དུས་ཡུན་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་རྗེས་སུ་སྤྱི་ཟླ་དང་པོའི་ཚེས་༣༡ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཁམས་སྔར་བཞིན་གསལ་ཐང་ཡིན་པའི་སྐོར་གྷ་གྷལ་གནམ་ཐང་དུ་ཕྱི་ནང་གསར་འགོད་པར་གསུངས་དོན། ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་མེ་ཁི་སུ་སྨན་ཁང་དུ་སྐུ་གཟུགས་བརྟག་དཔྱད་གནང་བའི་གྲུབ་འབྲས་ཧ་ཅང་ཡག་པོ་འདུག ཡིན་ནའང་དགུང་ལོ་༨༢ཙམ་ལ་ཕེབས་ཚར་བ་ཡིན་དུས་ལོ་རེ་བཞིན་སྐུ་ཐང་ཆད་པ་དེ་མང་རུ་འགྲོ་གིན་འདུག ད་རེས་དུས་ཡུན་ཟླ་བ་གཅིག་དང་ཕྱེད་ཀ་རིང་ཕྱིན་ཡོད་པ་རེད། ཁྱེད་རང་ཚོས་ངའི་གདོང་ལ་གཟིགས་དང་འགྱུར་བ་འདྲ་འདུག་གམ་ཞེས་ཞལ་ཤོབ་ཚུལ་གྱིས་གསུངས་ཡོད་པ་རེད།
དེ་བཞིན་ཡང་གསར་འགོད་པས་རྡོ་རྗེ་གདན་དུ་འབར་རྫས་རྙེད་སོན་སྐོར་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས་ས་གནས་རང་དུ་དེ་ཙམ་ཛ་དྲག་མི་འདུག་ལ་གནས་ཚུལ་གཅིག་བྱུང་བ་དེར་ས་གནས་ཉེན་རྟོག་པས་དམ་དོན་བྱས་ཡོད་པ་རེད། ཡིན་ནའང་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཆེན་པོ་བཟོས་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་༧གོང་ས་མཆོག་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༧ཞབས་སོར་བདེ་བར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཁབ་འདྲ་མིན་༡༣ལྷག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ལྔ་ཁྲི་ལྷག་ལ་རིམ་པས་གསུང་ཆོས་བཀའ་སློབ་བསྩལ་གནང་ཡོད་ལ། སྤྱི་ཟླ་དང་པོའི་ཚེས་༥ནས་༧་བར་རྒྱ་གར་གྱི་ཆོས་ཞུ་གཙོ་བོ་གྱུར་བར་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་། རྟེན་འབྲེལ་གྱི་མདོའི་གསུང་ཆོས་དང་། དེ་བཞིན་སྤྱི་ཟླ་དང་པོའི་ཚེས་༡༤་ནས་༡༦་བར་བོད་དང་སོག་པོ་ཐེ་ཝན་གྱི་ཆོས་ཞུ་བ་གཙོ་བོ་གྱུར་བའི་དད་ལྡན་པ་སུམ་ཁྲི་ལྷག་ལ་བྱང་ཆུབ་སེམས་འབྲེལ་དང་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། སྤྱན་རས་གཟིགས་ཀྱི་དབང་ཆེན་བསྩལ་གནང་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་མཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།